ཟླ་རེའི་གསར་འགྱུར།

ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་དེ་སྔ་དྲོ་ཆུ་ཚོད་ ༩ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་ཡོད།
    དེ་ཡང་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས་རྣམ་གཉིས་དང། ཆེད་དུ་གདན་ཞུ་གནང་བའི་བོད་རིགས་དང་རྒྱ་གར་གྱི་མཁས་དབང་རྣམ་པ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༥ བརྒལ་བ་ལྷན་ཚོགས་གནང་ཡོད། སྐབས་དེར་ཐོག་མར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འཕེལ་རིམ་དང། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་པ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས། སྲིད་སྐྱོང་མཆོག་གིས་ཐོག་མར་ཚོགས་བཅར་བ་རྣམས་ལ་སྐུ་ངལ་འཛེམས་མེད་ཐོག་འདི་གར་བཅར་བར་དགའ་བསུའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་བཤད་གནང་།
    ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་འདི་བཞིན་བཙུགས་དགོས་དོན་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཤེས་རིག་ལས་ཁུངས་ལ་སློབ་སྟོན་གནང་རྒྱུ་ཡིན་འདུག ཐེངས་འདིའི་ལྷན་ཚོགས་ཐོག་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་ཐར་ལམ་སྒྲོལ་མ་ལགས་དང། དབུས་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་སློབ་གྲྭའི་ཤེས་ཡོན་འགན་འཛིན་སྐུ་ཞབས་ཌོཀ་ཊར་ཨར་བྷིནཌ་ཀུ་མཱར་ཇཱ་ (Dr.Arvind Kumar Jha) ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཝ་སནཊ་ཝེ་ལི་སློབ་གྲྭའི་ (Vasant Valley School) འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཌོཀ་ཊར་ཨ་རུན་ཀཱ་པུར་(Dr.Arun Kapur)ལགས།
    དེ་སྔའི་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་གྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཀི་རི་ཤི་ན་ཀུ་མཱར་(Krishna Kumar) ལགས། ཁེ་ན་ཌ་ནས་ཕེབས་པའི་ཤེས་ཡོན་སློབ་སྟོན་པ་ལྷ་ལུང་པ་བསམ་འཕེལ་ལགས། མ་ཌ་ར་སི་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་སྐུ་ཞབས་ཌོཀ་ཊར་ར་མུ་མ་ནི་ཝ་ནན་ (Dr.Ramu Manivannan)ལགས། སྦེང་ལོར་དུ་ཡོད་པའི་སྦྱོང་བརྡར་བསྟི་གནས་ཁང་ (Centre for Learning)གི་དགེ་རྒན་ལྕམ་ཌོཀ་ཊར་ཀ་མ་ལ་ཝི་མུ་ཀུན་ཌ་ (Dr.kamala v. Mukunda) ལགས། ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཌོཀ་ཊར་ངག་དབང་ཕུན་ཚོགས་ལགས། དབུས་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་གཙུག་ལག་སློབ་དཔོན་སྐུ་ཞབས་ཁ་མར་(Professor Furqan Qamar) ལགས། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། (Department of Highier Education,MHRD) ཆེས་མཐོའི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ཤོཀ་ཐ་ཀུར་ (Shri.Ashok Thakur) ལགས། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས་བཅས་ཡིན།
    ཁོང་རྣམ་པས་ཉིན་གྲངས་གཉིས་རིང་བོད་སློབ་ཁག་གི་དགེ་རྒན་གྱི་སྤུས་ཚད་གོང་མཐོར་གཏོང་ཕྱོགས་དང། སྤྱི་ཡོངས་ཀྱི་ཤེས་ཡོན་སྤུས་ཚད་གོང་སྤེལ། སྐད་ཡིག་རང་སྐྱ་འཕེར་བ་བཟོ་ཕྱོགས། སློབ་གྲྭ་སྟངས་འཛིན་བྱེད་ཕྱོགས། ཆེས་མཐོའི་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་བཅས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
ཕྱི་མ།
གསར་འགོད་གསལ་བསྒྲགས།
Menu