ཟླ་རེའི་གསར་འགྱུར།

ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱས་ཏེ་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༤ ཉིན་འགོ་བཙུགས་ཞུས་པའི་ཉིན་གྲངས་གསུམ་རིང་གི་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༢༦ ཉིན་མཇུག་བསྒྲིལ་ཡོད་པ་དང་། མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཙམ་ཐོག་མཇུག་སྡོམ་མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་དང་འབྲེལ་བའི་ལས་དོན་སྙན་སེང་ཞུས་གྲུབ་མཚམས་ཟབ་སྦྱོང་བ་ཁག་ཅིག་གིས་དགོངས་འཆར་བཏོན། དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ཟབ་ཁྲིད་པ་རྣམ་པར་མཇལ་དར་དང་ཟབ་སྦྱོང་བ་རྣམས་ལ་ལག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། ཁ་སང་ཐོག་མའི་དབུ་འབྱེད་མཛད་སྒོར་བཅར་ཐུབ་མ་སོང་། ད་རེས་ཟབ་སྦྱོང་འདི་ནམ་རྒྱུན་ཟབ་སྦྱོང་དང་ཏོག་ཙམ་མི་འདྲ་བ་ཡོད། རྩ་བའི་མི་འདྲ་བ་ནི་འགན་འཁུར་གྱི་ཆ་ནས་ཞུ་བཞིན་ཡོད། སྤྱིར་དགེ་རྒན་དང་ལས་བྱེད། ཕ་མ་སོགས་སུ་ཡིན་ནའང་ཟབ་སྦྱོང་གང་འདྲ་ཞིག་ཡིན་ནའང་ཟབ་སྦྱོང་ནང་གང་སྦྱངས་པ་དེ་དག་ལག་ལེན་བསྟར་དགོས་རྒྱུའི་འགན་འཁུར་ཡོད། འོན་ཀྱང་ད་རེས་ཟབ་སྦྱོང་འདི་ཏོག་ཙམ་མི་འདྲ་བ་ནི་རྣམ་པ་ཚོ་ཟབ་སྦྱོང་ལ་ཕེབས། དེ་ནས་རྣམ་པ་ཚོའི་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་ཐོག་ལ་མང་ཚོགས་དང་སློབ་གྲྭའི་ནང་ལ་གོ་རྟོགས་སྤེལ་རྒྱུ་དང་ལམ་སྟོན་གནང་རྒྱུའི་འགན་འཁུར་ཆེན་པོ་བཞེས་ནས་ཕེབས་དགོས་ཀྱི་ཡོད། དེ་འདྲ་ཡིན་དུས་ད་རེས་ཟབ་སྦྱོང་འདི་ཉིད་ཐོག་མ་ཉིད་ནས་བསམ་བློ་བཏང་དུས་ཧྲག་བསྡུས་ལྟ་བུའམ་རྒན་ལགས་རྣམ་པའི་ནང་ནས་སྙིང་ཁུ་ལྟ་བུ་ཚུར་བསྡུས་ནས་དགེ་རྒན་རྣམ་པ་ཚོས་གང་མཁྱེན་པ་དང་ཉམས་མྱོང་བྱུང་བ་རྣམས་གསལ་པོ་བྱས་ནས་ཞུས། དེའི་ཐོག་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ཞུས་དགོས་པའི་དོན་དག་ལྟ་བུ་འདི་རེད།
རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་སློབ་གྲྭ་ཡོངས་རྫོགས་ནང་ལག་ལེན་བསྟར་དགོས་ཀྱི་ཡོད། འདི་གཏན་འཁེལ་བ་ལྟ་བུ་རེད། སྤྱིར་བཏང་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་གནས་སྟངས་ལ་ལྟ་ཡོང་དུས་མང་པོ་ཞིག་ང་ཚོའི་སློབ་གྲྭའི་ནང་ལག་ལེན་བསྟར་བཞིན་པ་དེ་འདྲ་མང་པོ་ཡོད། འོན་ཀྱང་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་ཆ་ཚང་བ་ལྟ་བུ་མེད། དེར་བརྟེན་འདིའི་ནང་ནས་ནང་དོན་རིག་པ་དང་འབྲེལ་བ་ཡོད་པ་ནང་པའི་ལྟ་གྲུབ་ཐོག་ནས་བསམ་བློ་གཏང་སྟངས་དང་འབྲེལ་བ་ཡོད་པ་མར་ལུང་དྲངས་ནས་བཤད་པ་ཡིན་ན། ཧ་ཅང་གཏིང་གཟབ་པོ་འགྲོ་དགོས་རྒྱུ། མཐའ་མར་མི་བཟང་པོ་ཞིག་དགོས་ཟེར་དུས་ལས་སླ་པོ་ཞིག་མིན། དེ་འདྲའི་ཆ་ནས་ལྟ་ཡོང་དུས་ལྟ་གྲུབ་རང་གི་ཐོག་ཧ་ཅང་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཏན་ཏན་རེད་འདུག
དེར་བརྟེན་འདིའི་ཐོག་ལ་མཁྱེན་རྟོགས་ཡོད་མཁན་དང་ཉམས་མྱོང་ཡོད་མཁན་སྐོར་ལ་བསམ་བློ་གཏོང་དུས་གཙོ་བོ་ཚེ་རིང་བསམ་གྲུབ་ལགས་དང་། ཀརྨ་ཆུང་བདག་ལགས། བསྟན་འཛིན་རྡོ་རྗེ་ལགས་བཅས་ཁོང་ཚོ་གསུམ་ཆགས་ཀྱི་འདུག དེ་ནས་སློབ་གྲྭ་ཁག་ནང་ལ། དཔེར་ན་སཾ་བྷོ་ཊ་སློབ་གྲྭའི་ནང་ལ་ལག་ལེན་བསྟར་མཁན་སློབ་སྤྱི་དང་འགན་འཁྱེར་མཁན་ཁ་ཤས་འདིར་ཡོད་ནའང་གཙོ་བོ་ངས་ནམ་རྒྱུན་ལྟ་དུས་ཁོང་ཚོ་གསུམ་མཐོང་བཞིན་འདུག དེ་ཙམ་སྲིད་བྱུས་གལ་ཆེན་པོར་བརྩིས་ནས་ལག་ལེན་བགྱིས་ཏེ་མ་འོངས་པའི་མི་རབས་བཟོ་དགོས་རྒྱུའི་འགན་འཁུར་དེ་ཁོང་ཚོ་གསུམ་གཅིག་པུ་མིན་པར་འགན་འཁྱེར་མཁན་མང་ཙམ་དགོས་ཀྱི་འདུག་བསམ་པའང་དྲན་བྱུང་།
དེར་བརྟེན། ཁོ་ཚོ་གསུམ་ལ་ཆ་བཞག་ན། བོད་མིའི་སྒྲིག་འཛུགས་ནང་ལ་ཤེས་ཡོན་ཐོག་ཞབས་འདེགས་ཞུས་དང་ཞུ་བཞིན་པ་རེད། མུ་མཐུད་ཕྱག་ལས་གནང་ཨེ་ཡོང་བསམ་པའི་དོགས་པ་དང་སེམས་ཁྲལ་རིགས་རྩ་བ་ཉིད་ནས་མེད། འོན་ཀྱང་ག་ཚོད་མང་བ་བྱུང་ན། དཔེར་ན་ཚེ་རིང་བསམ་གྲུབ་ལགས་ལྟ་བུར་ཆ་བཞག་ན། ཤེས་ཡོན་ལྷན་ཚོགས་ནང་ལ་ལས་ཀ་ཧ་ཅང་མང་པོ་ཡོད། དེ་འདྲ་ཡིན་དུས་ཤེས་ཡོན་སྲིད་བྱུས་ཐོག་ལ་གོ་རྟོགས་སྤེལ་སླད་འགྲོ་རྒྱུར་ལས་ཀའི་ཐོག་ནས་དཀའ་ལས་ཧ་ཅང་ཡོད་པ་ཆགས་ཀྱི་འདུག མ་སུ་རི་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་ལ་ཆ་བཞག་ནའང་དེ་དེ་བཞིན་རེད། དེ་བཞིན་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་ལ་ཆ་བཞག་ནའང་ཤེས་རིག་ལས་ཁུངས་ནང་ལས་ཀ་ཧ་ཅང་མང་པོ་ཡོད་སྟབས་ས་གནས་ཤིག་ལ་ཕེབས་དགོས་ན་གཞན་ཞིག་ལྷག་འགྲོ་བཞིན་འདུག དེའི་རྐྱེན་གྱིས་ལས་ཀ་མང་པོ་མཉམ་དུ་འདུས་དུས་གཅིག་ལ་ཏག་ཏག་མ་འཁེལ་བའི་དཀའ་ངལ་དང་འཐུས་ཤོར་ཡོང་ས་རེད་བསམ་པའི་སེམས་ཁྲལ་ཡོང་བཞིན་འདུག གང་ལྟར་མཁྱེན་རྟོགས་ཡོད་པ་འདི་འགན་འཁྱེར་མཁན་ཆེ་ཙམ་གཏོང་ཨེ་ཐུབ་ལྟ་དགོས་འདུག ཅེས་པ་འདི་དམིགས་ཡུལ་གཙོ་བོ་རེད།
འདིར་རྣམ་པ་ཚོ་མི་གྲངས་བཅུ་བདུན་བཅོ་བརྒྱད་ཙམ་འདུག་པ་དེ་དག་འགན་འཁུར་མཁན་ལྟ་བུར་རེ་བ་རྒྱག་གི་ཡོད། དེ་གཞིར་བཟུང་རྣམ་པ་ཚོ་ཕར་ཕེབས་ཏེ་སློབ་གྲྭ་སྡེ་ཚན་སོ་སོའི་ནང་ཡིན་ན་རེད། སྡེ་ཚན་དེ་དང་འབྲེལ་བའི་དགེ་རྒན་དང་ཕ་མ་ཚོའི་ནང་གང་ཐུབ་འགྲེལ་བཤད་དང་སློབ་སྟོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ཅེས་ཞུ་འདོད་བྱུང་། རྩ་བའི་ཐེངས་འདིའི་ཟབ་སྦྱོང་འདི་ཉིད་ཕྲན་བུ་མ་འདྲ་བ་ཆགས་ཀྱི་ཡོད་པ་དེ་དངོས་འབྲེལ་བྱས་ན་ཐོག་མ་ཉིད་ནས་ཞུ་དགོས་ཀྱི་ཡོད་རེད། འོན་ཀྱང་རྣམ་པ་ཚོ་འགན་འཁུར་མཁན་ཤ་སྟག་རེད་འདུག དེའི་གནད་འགག་མ་ཤེས་པ་གང་ཡང་ཡོད་མ་རེད་དྲན་གྱི་འདུག རྣམ་པ་ཚོས་ལག་ལེན་བསྟར་བ་དང་གོ་རྟོགས་སྤེལ་གནང་བའི་སྐབས་སུ་གཞན་གྱི་དྲི་བ་ཁག་དང་སོ་སོའི་འཆར་སྒོ་རེད། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ཁག་ལ་ཕེབས་པའི་སྐབས་སུའང་བསམ་བློ་མང་པོ་འཁོར་གྱི་རེད་སྙམ་གྱི་འདུག དྲི་བ་གང་འཁོར་གྱི་འདུག མི་གཞན་གྱིས་གང་ཞུ་གི་འདུག ལན་རྒྱག་ཐུབ་པ་དང་མ་ཐུབ་པ་གང་འདུག དེ་ཚོའི་ཐོག་ཧྲག་བསྡུས་ལྟ་བུ་ཚོགས་འདུ་བསྐྱར་དུ་ཚོགས་དང་གོ་བསྡུར་སོགས་བྱེད་དགོས། ང་ཚོའི་བསམ་བློ་གཏོང་སྟངས་དང་ཤེས་ཡོན་གྱི་ཉམས་མྱོང་། ཤེས་ཡོན་གྱི་གནས་སྟངས་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེར་བརྟེན་ད་རེས་ཟབ་སྦྱོང་འདི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཅེས་ཞུ་རྒྱུ་ཡིན།
ངའི་རེ་བར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་ལགས། དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱི་སར་ནས་དབང་ལུང་མན་ངག་ལྟ་བུ་ཆ་ཚང་ཞུས་ཐུབ་ཡོད་རེད་བསམས་པའི་རེ་བ་ཡོད། ད་དུང་དོགས་པ་འདྲ་ཡོད་ན་ཁོང་རྣམ་པར་བཀའ་འདྲི་གནང་ན་ཡག་པོ་ཡོད་རེད་དྲན་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་།།

ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས། །

སྔོན་མ།
གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་།
ཕྱི་མ།
ཕྱི་ལོ་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།
Menu