ཟླ་རེའི་གསར་འགྱུར།

ཤེས་ཡོན་འགན་འཛིན་རྣམ་པའི་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༧ ཟླ ༢ ཚེས ༢༢ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་དང་སློབ་སྡེ་ཁག་གི་ཤེས་ཡོན་འགན་འཛིན་རྣམ་པའི་ཚོགས་འདུ་ཞིག་བསྐྱངས་ཡོད།   དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ ཐོག་ཚོགས་འདུ་འགོ་འཛུགས་དང་འབྲེལ། ཐོག་མར་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ཕེབས་བསུ་དང་ཚོགས་འདུའི་གྲོས་གཞི་ཁག་ངོ་སྤྲོད་ཞུས།
དེ་རྗེས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཐོག་མཉམ་རུབ་ཀྱིས་ཤུགས་སྣོན་བསྐྱོན་ཕྱོགས་དང་། སློབ་ཕྲུག་གི་གྲངས་འབོར་སོགས་ལ་གཞིགས་ནས་སློབ་སྡེ་ཚང་མས་རིག་པ་སྒྲིམ་ནས་འབད་བརྩོན་གནང་བ་ཡིན་ན་གྲུབ་འབྲས་ཐོན་ངེས་ཡིན་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་གལ་གནད། རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་སློབ་ཁྲིད་བྱེད་པར་ཤུགས་སྣོན་བསྐྱོན་ཕྱོགས་སོགས་ཀྱི་སྐོར་ལ་མཛུབ་སྟོན་གནང་།
དེ་རྗེས་ཤེས་ལྷན་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས་ཀྱིས་གཞི་རིམ་འོག་མའི་བསླབ་གཞིར་བཅོས་སྒྱུར་གནང་ཕྱོགས་སྐོར་ངོ་སྤྲོད་དང་འབྲེལ། ཚོགས་བཅར་བ་རྣམ་པས་གཞི་རིམ་འོག་མར་སྐད་ཡིག་དང་རྩིས་རིག་ཐོག་སློབ་ཁྲིད་ཐད་ཤུགས་སྣོན་བསྐྱོན་ཕྱོགས་ཐད་གོ་བསྡུར་གནང་།
ཉིན་རྒྱབ་ཏུ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ཁག་ལག་བསྟར་མཇུག་སྣོན་གནང་ཕྱོགས་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གྱི་བསླབ་གཞིའི་དགོངས་དོན་ལྟར་ལས་འཆར་སྤེལ་ཕྱོགས་ཇི་དགེ།  གཞན་ཡང་རིང་མིན་ཚོགས་འཆར་ཡོད་པའི་ཤེས་ལྷན་ཚོགས་འདུ་ལྔ་པའི་ཐོག་འཆར་འབུལ་ཞུ་དགོས་པའི་རིགས་སོགས་ལ་གོ་བསྡུར་སྦྱང་བཤད་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་སམ་བྷོ་ཊའི་འགན་འཛིན་ལས་ཚབ་དང་། རྡ་ས་བོད་ཁྱིམ་གྱི་ཤེས་ཡོན་ངེས་སྟོན་པ། མ་སུ་རི་བོད་ཁྱིམ་ཤེས་ཡོན་འགན་འཛིན། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན། ཤེས་རིག་ཤེས་ཡོན་འགན་འཛིན་རྣམ་པ། ཤེས་ཡོན་ལྷན་ཚོགས་ཀྱི་ཚན་པའི་འགན་འཛིན་བཅས་མཉམ་ཞུགས་གནང་ཡོད།།

སྔོན་མ།
གཞི་རིམ་འོག་མའི་ཚན་རིག་སློབ་དེབ་ངོ་སྤྲོད་ཟབ་སྦྱོང་།
ཕྱི་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་བསྐོ་གཞག
Menu