ཟླ་རེའི་གསར་འགྱུར།

ཤེས་ཡོན་ལྷན་ཚོགས་དང་པོ་སྐོང་ཚོགས།

གསར་འཕྲིན།

༄། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དང་པོ་འདི་བཞིན་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༡༦ ཉིན་དྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་འདུག ཐེངས་འདིའི་ལྷན་ཚོགས་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་དང་བཀའ་བློན་ཁྲི་པ་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་དང༌། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གཉིས་ཆེད་ཕེབས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད།
    བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་འདི་ནི། ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༡༢ པའི་ནང་གསེས་༤ པའི་དགོངས་དོན་བཞིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང༌། ཕྱི་ལོ་༢༠༡༡ ལོར་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་འདི་བཞིན་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་གྱི་ངོ་བོའི་ཐོག་ནས་གསར་འཛུགས་ཀྱིས་ལས་དོན་འགོ་འཛུགས་ཞུས་ཡོད། ཤེས་ཡོན་ལྷན་ཚོགས་འདིའི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་པ་དང༌། ལྷན་ཚོགས་ལ་ཁྱོན་བསྡོམས་ཚོགས་མི་བཅུ་ཡོད་འདུག
    ཐེངས་འདིར་ཤེས་ཡོན་ལྷན་ཚོགས་ཀྱི་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་གཙོ་བོ་ནི། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བོད་མི་རང་ལ་འཚམས་པའི་སྔོན་འགྲོའི་ཤེས་ཡོན་ལམ་སྲོལ་གསར་གཏོད་གནང་ཕྱོགས་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་དང་སློབ་འཛིན་སྡེ་ཚན་ཡོངས་ལ་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩ་འཛིན་བཟོ་འགོད་གནང་ཕྱོགས་སོགས་བཀའ་བསྡུར་ཞིབ་ལྷུག་གིས་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག།

 

སྔོན་མ།
མདུན་ལམ་སློབ་སྟོན་པ་མ་སུ་རིར་ཕྱོགས་ཕེབས་གནང་བ།
ཕྱི་མ།
གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་ལམ་སྟོན་གཏན་འབེབས།
Menu