ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༦ ནས་ ༨ བར་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་བདུན་གྱི་སློབ་སྤྱི་དང་དགེ་ཆེ། དགེ་རྒན་རྣམས་ལ་རྡོར་གླིང་གཏན་སློབ་ཀྱི་ཚོགས་ཁང་དུ་ཉིན་གསུམ་རིང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ་དེ་ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ལེགས་པར་འཇུག་སྒྲིལ་ཡོད།

དེ་ཡང་ཉིན་དང་པོར་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཟབ་སྦྱོང་གི་དབུ་འབྱེད་དུ་སྐུ་མགྲོན་གཙོ་བོ་རྡོར་གླིང་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་དང། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས། ཟབ་སྦྱོང་གི་ཁྱད་སྟོན་པ་སྐལ་བཟང་དབང་འདུས་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་མི་གྲངས་ ༤༠ བཅས་ཚང་འཛོམས་གནང་ཡོད། དབུ་འབྱེད་དུ་ཐོག་མར་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་དགའ་བསུའི་འཚམས་འདྲི་དང་། ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་དམིགས་ཡུལ་བཅས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ས་གནས་ཀྱི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་གིས་བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་མི་ལོ་ ༦༠ ལྷག་ཕྱིན་ཟིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་མི་རབས་རྒན་པ་ཚོས་སྐུ་ལས་ཚད་མེད་གནང་བར་བརྟེན་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཡོད་ཀྱང་། ད་ཆ་རྒྱ་གར་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ཉུང་དུ་འགྲོ་བ་དང་། ལྷག་པར་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་བ་དང་སློབ་གྲྭའི་ནང་བོད་ཕྲུག་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དེར་གདོང་ལེན་གནང་དགོས་པ་ཡིན་ཞེས་དང་།

གཞན་ཡང་ཁོང་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུ་གལ་ཆེར་ངོས་འཛིན་གྱིས་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་ཟིན་པའི་སློབ་གྲྭ་ཁག་ཏུ་ཡང་ལག་བསྟར་གྱིས་དོན་འབྲས་སོན་པ་གནང་དགོས་པ་དང་། སློབ་ཕྲུག་རྣམས་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བདག་སྤྲོད་གནང་དགོས་པ། སློབ་གྲྭའི་ནང་ཤེས་ཡོན་ཡར་རྒྱས་ཡར་རྒྱས་བཏང་ནས་ས་གནས་ཡུལ་མིའི་སློབ་གྲྭར་གཏོང་བཞིན་པའི་བོད་ཕྲུག་རྣམས་གཏན་ཉིན་སློབ་ཁག་ཏུ་ཚུར་འགུག་ཐབས་གནང་དགོས་པ་བཅས་ལམ་སྟོན་གནང་། མཐར་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ལས་རིམ་ལེགས་གྲུབ་བྱུང་ཡོད།

ཟབ་སྦྱོང་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་གཉིས་དང་འབྲེལ་བའི་ཤེས་ཡོན་གྱི་ངོ་བོ་དང་། དགོས་པ། དམིགས་ཡུལ་བཅས་དང་། དགེ་རྒན་དང་འཛིན་གྲྭའི་ནང་སློབ་ཁྲིད་གནང་ཕྱོགས། དཔྱད་ཞིབ། སྐད་ཡིག་སློབ་ཁྲིད། ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་སོགས་གལ་ཆེའི་བརྗོད་གཞི་ཁག་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་ངོ་སྤྲོད་དང་གོ་བསྡུར་སྦྱངས་བཤད་གནང་། ཟབ་སྦྱོང་གི་མཇུག་བསྡོམས་སུ་མཉམ་ཞུགས་པ་རྣམས་ལ་ལག་འཁྱེར་བགོ་འགྲེམས་དང་། ཟབ་སྦྱོང་གི་དུས་ཡིན་རིང་ཕྱག་རོགས་གནང་མཁན་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་བ། མཉམ་ཞུགས་པ་དགེ་རྒན་ཁག་ཅིག་གིས་ཟབ་སྦྱོང་གི་མྱོང་ཚོར་བཤད་པ། མཐར་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ།

ཟབ་སྦྱོང་འདིར་རྡོར་གླིང་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་གཙོས་པའི་དགེ་ལས་རྣམས་ཀྱིས་མཐུན་འགྱུར་གང་ལེགས་གནང་བ་དང་། ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཌེན་མག་རོགས་ཚོགས་ (DANIDA)  ཡིས་མཐུན་འགྱུར་གནང་བཞིན་ཡོད། །

སྔོན་མ།
ཤེས་རིག་བརྡ་ཆད་ཚན་པས་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཐ་སྙད་གོ་རྟོགས་སྤེལ་བ།
ཕྱི་མ།
ཚན་རིག་ཤེས་ཡོན་འགན་འཛིན་གྱིས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་དུ་མཉམ་ཞུགས་གནང་བ།
Menu