ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་གསར་བར་ཕྱིར་མིག་ལྟ་བ།

དགེ་རྒན་གྱི་དཔྱད་གཞི།

སྤོག་རེ་སྦོང་སམ་བྷོ་ཊ་གཏན་སློབ། བོད་དགེ་རྡོ་རྗེ་རིན་ཆེན།

     ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དོན་ནམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་ཞེས་པ་དེ། དུས་འགྱངས་ངང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་གཉིས་སུ་སླེབས་མཚམས་གཞི་ནས་ཤེས་ཡོན་སྲིད་བྱུས་གསར་པ་འདི་བཞིན་དངོས་སུ་གཏན་འབེབས་གནང་པ་དང་དུས་མཚུངས། ཤེས་རིག་སཾ་བྷོ་ཊའི་ཁྱབ་ཁོངས་གཏན་སློབ་ཁག་ནང་དབུ་འཛུགས་ལག་བསྟར་བགྱིས་ཏེ་ཕྱི་ཟླ་ ༦ ཚེས་ ༢༡ ནས་མི་ལོ་དྲུག་ཧྲིལ་བོ་འཁོར་གྱི་ཡོད།     མི་ལོ་དྲུག་དེའི་ནང་གོང་གསལ་ཁྱབ་ཁོངས་གཏན་སློབ་ཁག་ཏུ་ཤེས་ཡོན་སྲིད་བྱུས་གསར་བའི་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་ཀྱང་། ད་དུང་ཆ་ལག་ཡོངས་སུ་ཚང་པ་ཞིག་ལ་མདུན་སྐྱོད་ཐུབ་ཀྱིན་མེད་པའི་སྣང་ཚུལ་ཡོང་བཞིན་པ་ནི་གཙོ་བོ་རྒྱུ་རྐྱེན་གསུམ་ཙམ་ལ་ཐུག་པར་འདོད། རྒྱུ་རྐྱེན་དེ་གསུམ་ནི་ཤེས་ཡོན་ཁ་ཕྱོགས་བཅོས་སྒྱུར་དགོས་དོན་དང་། ཤེས་ཡོན་སྲིད་བྱུས་གསར་བའི་ངོ་བོ་གཉིས་བོད་མིའི་སྤྱི་ཚོགས་ཧྲིལ་བོ་དང་། ལྷག་པར་འབྲེལ་ཡོད་དགེ་རྒན་དང་ཕྲུ་གུའི་ཕ་མའི་ཡིད་ངོར་ས་རིས་ཐང་གསལ་ལྟར་གྱི་ངོ་འཕྲོད་ལེགས་པོ་ཞིག་མ་བྱུང་པ། ཕུགས་རྒྱང་རིང་བའི་དགོས་མཁོ་ལས་མིག་སྔར་གྱི་འཚོ་ཐབས་དོན་གཉེར་འདུ་ཤེས་ཆེ་དྲགས་པ། དེ་བཞིན་ཤེས་ཡོན་སྲིད་བྱུས་གསར་བའི་དགོངས་དོན་དང་འབྲེལ་བའི་རྩ་འཛིན་སློབ་དེབ་ཅིག་གཏན་འབེབས་གནང་མེད་པའི་འགལ་འདུ་དེ་གསུམ་གྱིས་ཤེས་ཡོན་སྲིད་བྱུས་གསར་བའི་གཞུང་ལམ་དེ་རབ་རིབ་ཅིག་ཏུ་གྱུར་པར་འདོད།
     འདི་མུར་ཕྱིན་ཚེ་དབུས་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱི་ཕྱི་ལོ་ ༢༠༡༡ ལོའི་ལོ་མཇུག་གི་གསུང་བཤད་ཅིག་ཏུ་ “ཤེས་ཡོན་སྲིད་བྱུས་གསར་བ་ཞེས་མིང་ལ་འགྱུར་བ་ཕྱིན་པ་ལས་དོན་ལ་འགྱུར་བ་དེ་ཙམ་ཐེབས་མེད་པའི་སེམས་ཚོར་བྱུང་”ཞེས་པ་དེ་ག་རང་དུ་གནས་རྒྱུ་ཉག་གཅིག་ཡིན་སྟབས། ཐོག་མར་ང་ཚོས་ཤེས་ཡོན་སྲིད་བྱུས་གསར་བ་དེ་ཅི་འདྲ་ཞིག་ཡིན་པ་དང་དེའི་དམིགས་ཚད་དམ་རིན་ཐང་། བྱུང་རིམ་རྒྱབ་ལྗོངས་བཅས་ལ་ཞིབ་ཏུ་བལྟས་ནས་ད་གཟོད་ཤེས་ཡོན་སྲིད་བྱུས་གསར་བ་དེ་ལག་ལེན་དུ་བསྟར་ཐབས་གླེང་བར་བྱ།

ཤེས་ཡོན་སྲིད་བྱུས་གསར་བའི་བྱུང་རིམ།

    གཏན་འབེབས་གནང་གྲུབ་པའི་ད་ལྟའི་ཤེས་ཡོན་སྲིད་བྱུས་གསར་པ་འདི་བཞིན་སྒོ་ཀུན་ནས་༸གོང་ས་མཆོག་གི་ཐུགས་དགོངས་ཀྱི་དཔེ་རིས་འཁྲུལ་མེད་ཅིག་རེད་ཅེས་སྨྲ་མི་བཏུབ་ཀྱང་། བཙན་བྱོལ་དུ་འབྱོར་ནས་མི་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་ཉམས་མྱོང་ནས། གཞི་རིམ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་ཁ་ཕྱོགས་ཐད་༸གོང་ས་མཆོག་གིས་དགོངས་ཚུལ་ལམ་སྟོན་གནང་ཞིང་། རིམ་བཞིན་ལོ་རབས་བདུན་ཅུའི་དཀྱིལ་ཙམ་དུ་ཇེ་གསལ་ཇེ་རྒྱས་ངང་ལོ་རབས་དགུ་བཅུའི་སྟོད་དུ་སླེབས་མཚམས་བཅའ་ཁྲིམས་ནང་གོང་གསལ་གྱི་ཚིག་རིས་དེ་གཏན་འབེབས་བྱས། དེ་ནས་མཐར་ཤེས་ཡོན་སྲིད་བྱུས་གསར་བ་འདི་འདྲ་ཞིག་གི་ངོ་བོར་མ་འཕོས་མཐུ་མེད་ཀྱི་བརྒྱུད་རིམ་དེ་༸གོང་ས་མཆོག་གིས་སྔ་ཕྱིའི་ཤེས་ཡོན་ལམ་སྟོན་ཁག་ལ་ཐུག་ཡོད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ནུས།
    དེས་ན་འདས་པའི་མི་ལོ་ལྔ་བཅུའི་རིང་༸གོང་ས་མཆོག་གིས་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་གང་འདྲ་ཞིག་ལ་དམིགས་ཚད་ཟིན་གནང་པ་དང་། དེ་ལྟར་ཟིན་དགོས་དོན་སོགས་མདོར་དྲིལ་ན་དོན་ཚན་གཙོ་བོ་དགུའི་ཁོངས་སུ་འདུས་ཤིང་། དེ་དག་རེ་རེ་བཞིན་ཞིབ་རྒྱས་ཕྱོགས་བསྒྲིགས་གྲུབ་ཟིན་པས་རིང་མིན་སྤྱི་ཚོགས་ཐོག་འགྲེམས་འཆར་ནས་ཤེས་རྒྱུ་ཡིན།

ཤེས་ཡོན་ཁ་ཕྱོགས་བཅོས་སྒྱུར་གྱི་རྒྱབ་ལྗོངས།

    དེ་ཡང་༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་དེ་ཧ་ཅང་གི་དཀའ་ངལ་ཅན་གྱི་དུས་རབས་ཤིག་ཏུ་གྱུར་ཏེ་མི་མང་པོའི་ཚེ་སྲོག་ཤོར་བར་ངོས་འཛིན་དང་།  དུས་རབས་ཉེར་གཅིག་པའི་དུས་མགོར་ཡང་དེ་མཚུངས་སུ་གྱུར་པ་རྣམས་འདས་པའི་
བསམ་བློའི་ནོར་འཁྲུལ་ལ་བརྟེན་ཞིང་། ཚན་རིག་དཔལ་འབྱོར་ཁོ་ནས་འཛམ་གླིང་བདེ་སྐྱིད་ཅན་དང་ཞི་བདེ་བསྐྲུན་མི་ཐུབ་པར། ཐོག་མར་རང་སེམས་སུ་ཞི་བདེ་བསྐྲུན་དགོས་པ། བོད་ཀྱི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ། དེ་དང་འབྲེལ་བའི་སེམས་པ་བཟང་པོ། གོམས་སྲོལ་བཟང་པོ་རྣམས་འཛམ་གླིང་ཕྱོགས་གང་སར་དོ་སྣང་གིས་ཁེ་ཕན་ལེན་ཤུགས་ཆེ་རུ་འགྲོ་བའི་སྐབས་འདིར། ང་ཚོའི་མི་རིགས་འདི་ད་ཆ་ཆགས་འཇིག་གི་སོ་མཚམས་སུ་སླེབས་ཤིང་། གལ་སྲིད་གོ་ལ་འདིའི་སྟེང་རྩ་བརླག་ཏུ་སོང་ན། འཛམ་གླིང་སྤྱིའི་གྱོང་གུན་ཞིག་ཏུ་སྤྱན་ཆབ་བསིལ་བཞིན་པའི་ཀུན་ཁྱབ་སེམས་ཁུར་འདིས། ང་ཚོའི་ཤེས་ཡོན་གྱི་ཁ་ཕྱོགས་ཅི་འདྲ་ཞིག་འཛིན་དགོས་པ་རྟོགས་ནུས།
    དེ་བཞིན་མི་རིགས་ཤིག་གི་ཟུར་གསལ་གྱི་ཁྱད་ཆོས་དངོས་གནས་པ་དེ། ཕ་མེས་ནས་ཡོད་པའི་མི་རིགས་དེ་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག་ཐོག་ཐོན་ཞིང་། མི་རིགས་ཤིག་གི་རང་དབང་བརླག་མ་བརླག་དེ་ཡང་མི་རིགས་ཤིག་འབུར་དུ་དོད་བྱེད་ཀྱི་རིག་གཞུང་དེར་ཐུག་པ། འཛམ་གླིང་སྟེང་དེང་དུས་ཀྱི་ཤེས་ཡོན་དང་ལག་འཁྱེར་མིང་གནས་སོགས་ཚད་མཐོ་བོ་ཡོད་ཀྱང་། གཤིས་སྤྱོད་མ་རབས། གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་མགོ་བདེ་དྲན་འཕྲུལ་ཅན་མང་བ། ལོ་གཞོན་ཕྲུ་གུའི་ཁྲོད་ཀྱང་མི་བསད་དེ་སྲོག་ཐོག་ཉེས་པ་ཕོག་རྒྱུ་རྒྱུན་ལྡན་ལྟར་གྱུར་པའི་ནུབ་ཕྱོགས་སྤྱི་ཚོགས་འདི་ལྟར་གས་ཆག་ཏུ་འགྱུར་བཞིན་པའི་གཞི་རྩ་གཞན་ཕན་གྱི་བསམ་བློའི་རྨང་གཞི་མེད་པའི་སྐྱོན་དང་། བོད་ཆོས་ལྡན་ཞེས་ལོ་རྒྱུས་འཕེལ་རིམ་ནང་། བོད་མི་རིགས་འདི་ནང་ཆོས་ལ་དད་ཤུགས་ཆེན་པོ་ཡོད་པའི་ཉེར་ལེན་གྱིས་འཁྲུག་པ་རྒྱག་པ། སེམས་གནག་བྱེད་པ་བཅས་ལ་ཉེས་དམིགས་སུ་ལྟ་བས། བཙན་བྱོལ་བ་ཆགས་ཏེ་འཛམ་གླིང་མི་རིགས་འདྲ་མིན་ཁྲོད་འདྲེས་ནས་སྡོད་དུས་ཀྱང་། བོད་མི་ཞེས་ཀུན་གྱིས་དགའ་མོས་བྱེད་པ་རིག་གཞུང་གི་ཁྱད་ཡིན་ཞིང་རིག་གཞུང་དེ་ད་ལྟ་འཛམ་གླིང་གི་གཅེས་ནོར་ཞིག་དང་། འགྲོ་བ་མིའི་ཉིན་རེའི་འཚོ་བའི་དགོས་མཁོ་དང་འབྲེལ་བ་ཡོད་སྐོར་ནན་གྱིས་བསྟན་པས་ཀྱང་ང་ཚོའི་ཤེས་ཡོན་གྱི་ཁ་ཕྱོགས་གཞལ་ནུས།
    གཞན་ཡང་ང་ཚོས་འཚེ་མེད་ཞི་བའི་བསྟི་གནས་ཞེས་པ་དེ། གོ་མཚོན་ཡོད་མེད་ཀྱི་རྒྱུ་མཚན་མིན་པར་ནང་བསམ་བློའི་ཐོག་བྱམས་བརྩེའི་ཡོད་པའི་སྤྱི་ཚོགས་ཤིག་ཆགས་ན།  འཛམ་གླིང་ཐོག་ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་ཞིག་གྱུར་ཀྱང་། བོད་ཡུལ་དེ་འཚེ་མེད་ཞི་བདེའི་ས་ཁུལ་ཞིག་གི་མིག་དཔེ་ཐོག་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་མང་བ། དེང་སྐབས་ནུབ་ཕྱོགས་པའི་ཁྲོད་ནང་ཆོས་དེ་ཆོས་མིན་པར་སེམས་ཀྱི་ཚན་རིག་ཅིག་ཏུ་ངོས་འཛིན་ལྟར། བོད་བརྒྱུད་ནང་བསྟན་གྱི་གཞི་ཡི་རྣམ་གཞག་སྐབས་མིའི་བློའི་འགྲོ་སྟངས་དང་། བློ་བྱེ་བྲག་སྐྱེ་སྟངས། སེམས་མ་སྐྱིད་པ་བཟོ་མཁན། དེའི་ངོ་བོ་དང་རྒྱུ་ཡི་ཁྱད་པར་སོགས་ནི་བསམ་བློའི་ཚན་རིག་ཅིག་ཡིན་ཞིང་། ང་ཚོ་བོད་པར་མཚོན་ན་ཡང་དེང་དུས་ཀྱི་ཤེས་ཡོན་སོགས་ཚད་མཐོ་བོ་ཡོད་ཀྱང་བྱམས་བརྩེའི་བསམ་བློ་མེད་པར་མཐོ་གནོན་དང་། ཕྲག་དོག འགྲན་སེམས། ངོ་ལྐོག གཡོ་སྒྱུ། ཞེ་སྡང་སོགས་ཀྱི་གྲུབ་པའི་སྤྱི་ཚོགས་ཤིག་ཆགས་ན། གཞིས་བྱེས་ལྷན་འཛོམས་སོགས་གང་གི་སྐབས་སུའང་སྐྱིད་པོ་ཡོང་ཐབས་མེད་པའི་ལམ་སྟོན་སོགས་རིམ་པ་ནས། ང་ཚོའི་མིག་དཔེ་ལྟ་ཡུལ་ཤེས་ཡོན་གྱི་ཁ་ཕྱོགས་དེ་ངེས་པར་བཅོས་སྒྱུར་དགོས་པའི་རྨང་གཞི་བཏིང་ཡོད།

ཤེས་ཡོན་ཇི་ལྟ་བུ་ཞིག་དགོས་པའི་ཐུགས་རེ།

    དེས་ན་༸གོང་ས་མཆོག་གི་ཐུགས་དགོངས་སུ་ལམ་ལམ་དུ་འཕྲོ་ཞིང་འཚེར་བཞིན་པའི་བོད་ཀྱི་གཞོན་སྐྱེས་མི་རབས་ཚོའི་ཤེས་ཡོན་དེ་ཅི་ལྟ་བུ་ཞིག་ལ་ཐུགས་འདུན་བཅངས་ཡོད་དམ་ཞེ་ན། མཐའ་གཉིས་བྲལ་བའི་ཤེས་ཡོན་ཏེ་རང་ཅག་བོད་ལ་གནའ་རབས་ནས་ཡོད་པའི་སྐད་དང་ཡི་གེ་གཙོས་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་དང་། འཛམ་གླིང་སྤྱི་སྐད་དུ་གྱུར་པའི་དབྱིན་ཡིག་གཙོས་དེང་དུས་རིག་གསར་གྱི་ཤེས་ཡོན་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྱུར་ཐུབ་པའི་ཤེས་ཡོན་ཞིག་དགོས་རྒྱུ་དེ་རེད། དེ་ཡང་འདིར་གསལ་བཤད་དགོས་པ་ཞིག་ལ། དབྱིན་ཇི་དང་ཧིན་དྷི་སོགས་སྐད་ཡིག་མ་གཏོགས་དེང་དུས་ཀྱི་ཤེས་ཡོན་ཏེ་ཚན་རིག་དང་། རྩིས་རིག  སྤྱི་ཚོགས་ཚན་རིག  དངོས་ཁམས་རིག་པ་སོགས་རིག་གསར་གྱི་ཤེས་ཡོན་ཚང་མ་དམའ་རིམ་ནས་མཐོ་རིམ་བར་རང་སྐད་ཐོག་སློབ་རྒྱུ་ཡོད་པ་ཞིག་ལ་ཐུགས་འདུན་བཅངས་ཡོད་པ་དང་། དེ་ལྟར་བཅངས་དགོས་དོན་ནི་རང་སྐད་ཀྱི་སྤྱོད་སྒོ་རྒྱ་ཇེ་ཆེ་དང་། སློབ་ཚན་དེ་དག་སྐད་ཡིག་གཉིས་པར་བརྟེན་མ་དགོས་པར་རང་སྐད་ཐོག་སྦྱང་ན། ཤེས་སླ་བ་སོགས་ལ་དམིགས་པ་ཞིག་ཡིན། དེ་ཡང་༸གོང་ས་མཆོག་གིས་“དབྱིན་ཇི། ཧིན་དྷི། སྐད་ཡིག་འདྲ་མིན་དེ་ཚོའི་གྲས་སྐད་ཡིག་དེ་ག་སློབ་སྦྱོང་བྱེད་པ་མ་གཏོགས། སློབ་ཚན་གཞན་ཚང་མ་སོ་སོའི་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱེད་པ་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་བྱུང་ན་བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་གི་རེད། དེས་བོད་པའི་རིག་གཞུང་ལ་ཕན་གྱི་རེད། བོད་པའི་རྣམ་པ་ཟིན་རྒྱུ་ལ་དེས་ཕན་གྱི་རེད།” ཅེས་གསུངས་པས་ཤེས་ནུས།

གཅིག་གོ་གཉིས་ཆོད་ཀྱི་སློབ་ཚན་གཏན་འབེབས།

    མིག་སྔར་ང་ཚོའི་མདུན་དུ་ལྷག་པའི་ཤེས་ཡོན་ཐོག་གི་དཀའ་ངལ་ཞིག་ནི་མདོར་དྲིལ་ན་སྲུང་སྐྱོབ་དགོས་པ་གཉིས་དང་། རྩོལ་སྒྲུབ་དགོས་པ་གཅིག་རེད་ཅེས་བརྗོད་ཆོག་སྙམ། དེས་ན་སྲུང་སྐྱོབ་དགོས་པ་གཉིས་ནི་གཅིག་སྐད་ཡིག་དང་། ཅིག་ཤོས་དེ་ཡ་རབས་བཟང་པོའི་གོམས་གཤིས་ཡིན་ཞིང་། དེ་གཉིས་ནི་ཤེས་ཡོན་སྲིད་བྱུས་གསར་བའི་དམིགས་སྒོ་གཙོ་བོ་ཞིག་ཀྱང་ཡིན་པ་རེད། འོ་ན་ང་ཚོས་དེ་གཉིས་ཇི་ལྟར་སྲུང་སྐྱོབ་ཐུབ་བམ་ཞེ་ན། ཤེས་ཡོན་སྲིད་བྱུས་གསར་བའི་དགོངས་དོན་དང་འབྲེལ་བའི་གཅིག་གོ་གཉིས་ཆོད་ཀྱི་རྩ་འཛིན་སློབ་དེབ་ཅིག་གཏན་འབེབས་དགོས་ཤིང་། རྩ་འཛིན་སློབ་དེབ་ནི་ཡ་རབས་བཟང་སྤྱོད་གཙོ་བོར་བྱས་པའི་སློབ་གསོའི་ནང་དོན་འབུར་དུ་ཐོན་པ་ཞིག་བྱུང་ན། དེས་སློབ་ཕྲུག་གི་སེམས་རྒྱུད་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་ཟད། སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་བསམ་སྤྱོད་ལའང་ཕན་ཐོགས་ཡོང་རྒྱུ་ཡིན། དེ་བཞིན་ཚིག་ཕྲད་སོགས་བརྡ་སྤྲོད་ཀྱི་རྣམ་གཞག་ཉུང་ངུ་ཞིག་སློབ་ཚན་ཁྲོད་དམིགས་བཀར་དགོས་ན་ལས། དེ་མིན་སློབ་ཚན་གྱི་ནང་དོན་དྲི་བ་དྲིས་ལན་དང་། མིང་ཚིག བྱ་ཚིག རྒྱན་ཚིག་སོགས་ཀྱི་ཁྱད་པར་རྣམས་གོང་བརྗོད་སློབ་ཚན་རང་ལས་སྦྱོང་ཚན་བགོས་པའི་སྐད་ཡིག་གི་སློབ་དེབ་ཅིག་བྱུང་ན། གཅིག་ནས་སྐད་ཡིག་གི་ནུས་པ་མཐོར་འདེགས་དང་།  གཉིས་ནས་ཡ་རབས་བཟང་སྤྱོད་ཀྱི་ནུས་པ་རྒྱུན་འཛིན་ཐུབ་རྒྱུ་ཡིན།
    ཡིན་ནའང་དེ་ལྟ་བུའི་སྐད་ཡིག་གི་སློབ་གསོའི་མ་ལག་ལྡན་པའི་སློབ་དེབ་ཅིག་གཏན་འབེབས་བྱེད་པ་ལ་ཡང་། སློབ་ཕྲུག་གི་ལོ་ནའི་བབ་ཀྱི་སེམས་ཁམས་དང་། རིག་སྟོབས། འཛིན་གྲྭའི་གནས་རིམ་བཅས་ལ་ལྟོས་ཤིང་གོམ་པ་རིམ་བགྲོད་ཀྱི་སློབ་གསོའི་ནང་དོན་ལྡན་པ་ཞིག་དང་། བརྡ་སྤྲོད་ཀྱི་ཚིག་འགྲོས་བེད་སྤྱོད་བྱེད་སྟངས་ཤིག་དགོས་པ་ཡིན། མདོར་དྲིལ་ན་དེ་གཉིས་རིམ་བཞིན་འཛིན་གྲྭའི་གནས་རིམ་ལྟར་སླ་ས་ནས་དཀའ་སར་ཁྲིད་རྒྱུ་དེ་རེད། ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་སེམས་འཚབ་ཡོང་གཞི་གཙོ་བོ་ཞིག་ནི་བཟང་སྤྱོད་ཉམས་དམས་སུ་འགྲོ་བཞིན་པ་དེ་ཡིན་ཞིང་། སློབ་ཚན་ཐོག་ནས་མིའི་གཤིས་ཀར་ཁྱད་པར་འགྲོ་བཞིན་ཡོད་ཚུལ་ལྡི་ལིའི་མཐོ་སློབ་ཀྱི་དགེ་རྒན་ཞིག་གིས་༸གོང་ས་མཆོག་ལ་ཞུས་ཡོད། ང་ཚོས་དེ་དག་ལ་བསམ་གཞིགས་བགྱིས་ཏེ་ངེས་པར་གཅིག་གོ་གཉིས་ཆོད་ཀྱི་སློབ་ཚན་ཞིག་གཏན་འབེབས་དགོས་པ་ནི་ཤིན་ཏུ་ནས་ཁ་ཚ་དགོས་གཏུགས་ཤིག་རེད་སྙམ། 

དགེ་རྒན་དང་ཤེས་ཡོན་སྲིད་བྱུས་བར་གྱི་འབྲེལ་བ།

    ཤེས་ཡོན་སྲིད་བྱུས་གསར་བའི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཞིག་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ཕྲུ་གུ་ཞིག་གི་ལང་ཚོ་དང་བསམ་བློའི་འཚར་ལོངས་ཀྱི་དུས་རིམ་ཡོངས་རྫོགས་ཕ་མ་དང་དགེ་རྒན་མཉམ་འཕེལ་སྐྱེད་བྱེད་བཞིན་པ་དང་། དེ་གཉིས་ལས་ཀྱང་དགེ་རྒན་མཉམ་དུས་ཚོད་རིང་ཤོས་དེ་ཆགས་ཀྱི་ཡོད་སྟབས། དགེ་རྒན་གྱི་བསམ་སྤྱོད་དེ་སློབ་ཕྲུག་གི་མིག་དཔེ་ལེན་ས་གཙོ་བོ་ཞིག་ཏུ་འགྱུར་གྱི་ཡོད། དེར་བརྟེན་གོང་གསལ་གྱི་དགོས་འདུན་དེ་འགྲུབ་པར་ཐོག་མར་མིག་དཔེ་སྟོན་མཁན་དགེ་རྒན་དེ་ཉིད་ཀུན་སྤྱོད་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུ་ནི། ཤེས་ཡོན་སྲིད་བྱུས་གསར་པ་ལག་ལེན་བསྟར་ཐབས་ཀྱི་ཆ་རྐྱེན་ཨང་དང་ཤོས་དེ་རེད་སྙམ།
    དེ་ཡང་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ལས། རིགས་མཐུན་འགྲོ་བ་མི་ཡི་སེམས་ཀྱི་འོད། །ཕན་ཚུན་འཕྲོ་བའི་རྒྱུ་ལམ་ཉག་གཅིག་སྟེ། །ཞེས་པ་ལྟར། དགེ་རྒན་གྱི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་དང་བྱ་སྤྱོད་དེ་འབྲེལ་ཡོད་སློབ་ཕྲུག་གི་བསམ་བློའི་འཚར་ལོངས་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ཟབ་མོ་ཞིག་ཏུ་གྱུར་པས། དགེ་རྒན་ཞིག་གི་གྱོན་ཆས་གྱོན་སྟངས་དང་། ཚིག་བརྗོད་བེད་སྤྱོད་བྱེད་སྟངས། བསམ་པའི་ཀུན་སློང་། ལུས་ངག་གི་རྣམ་འགྱུར་ཚང་མ་སློབ་ཕྲུག་གི་མིག་ལམ་དུ་སློབ་ཁྲིད་ཅིག་དང་གཉིས་སུ་མེད་པར་བཟང་ཞན་གང་ཡིན་དེའི་རྗེས་སུ་འགྲོ་ལྡོག་བྱེད་བཞིན་པའི་ཚུལ། འདས་པའི་ལོ་ངོ་བདུན་རིང་དགེ་རྒན་བྱས་པའི་ཉམས་མྱོང་དང་། ལྷག་དོན་ལྡི་ལིའི་མཐོ་སློབ་ཀྱི་དགེ་རྒན་ཞིག་གིས་སློབ་སྦྱོང་སྤྲོད་སྟངས་ཐོག་མིའི་གཤིས་ཀར་འབྲེལ་བ་ཡོད་ཚུལ་གསུངས་སྐོར་༸གོང་ས་མཆོག་གི་བཀའ་སློབ་ན་མཇལ་རྒྱུ་ཡོད་པ་མིན་ནམ།
    དེས་ན་སློབ་ཕྲུག་ཅིག་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དགེ་རྒན་ལ་ཡོད་པ་དང་། དེ་ལས་ལྡོག་ན་ཁ་གསབ་དཀའ་བའི་གྱོང་གུན་ཞིག་བསྐྲུན་རྒྱུའི་ནུས་པའང་དགེ་རྒན་ལ་ཡོད་སྟབས། དགེ་རྒན་ཚོས་མཉམ་འཇོག་དགོས་པའི་གནད་དོན་ཞིག་ནི། ༸གོང་ས་མཆོག་གིས་“སློབ་ཚན་ཁྲིད་པ་གཅིག་པུ་མ་ཡིན་པར་སོ་སོའི་སྒོ་གསུམ་ཡ་རབས་ཀྱི་སྤྱོད་པ་དང། ངག་གི་སྐད་ཆ་ཤོད་སྟངས་དེ་རྣམས་ཕྲུ་གུའི་བསམ་བློའི་ནང་ངོ་སྤྲོད་བྱེད་དགོས། དེ་ཡང་སོ་སོའི་སྤྱོད་ལམ་ཐོག་ནས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་རེད། སོ་སོའི་སྤྱོད་པ་མ་རབས་ཞེ་གཅིག་བྱས། ཁ་ནས་ཡ་རབས་བྱེད་དགོས་བརྗོད་ན་གང་འདྲ་ཡོང་གི་རེད། ཡ་རབས་ཞེས་པ་ཚིག་གི་ཐོག་ནས་ངོ་འཕྲོད་ཐུབ་པ་ཞིག་མིན་པས་རྒྱུན་གྱི་སྤྱོད་ལམ་ཐོག་ནས་ངོ་སྤྲོད་བྱེད་དགོས།” ཞེས་པའི་ལམ་སྟོན་བཀའ་སློབ་འདི་ནི་ཅི་འདྲའི་དོན་སྙིང་ལྡན་པ་དང་། དུས་རྟག་ཏུ་དགེ་རྒན་ཚོའི་སེམས་རྒྱུད་ལ་འབབ་དགོས་པར་འདོད།

རིག་གསར་ཤེས་ཡོན་རྣམས་རང་སྐད་ཐོག་སློབ་དགོས་པ།

    ལོ་རྒྱུས་ཤིག་གི་བརྒྱུད་རིམ་ཁྲོད་རང་ཡུལ་དེ་གཞན་གྱི་དབང་སྒྱུར་འོག་གནས་ཤིང་བོད་ཕྱི་ནང་གཉིས་སུ་གྱེས་པ་ནི། རང་རེའི་ཆོས་རིག་གི་ཆག་སྒོ་ཆེན་པོ་ཞིག་ཡིན་ཞིང་། ཆག་སྒོ་དེ་བརྒྱུད་རང་གི་ཕ་སྐད་གཙོས་ཆོས་རིག་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་སོགས་ཟླ་བ་མར་འགྲིབ་ཀྱི་རྗེས་སུ་འགྲོ་བཞིན་པ་ནི། སྐད་ཡིག་འཇིག་ཉེན་ལྔའི་ཁྲོད། རང་ཉིད་མི་སེར་གཞན་གྱི་ས་ཐོག་ཏུ་ཕྱིན་པ་དང་། མི་སེར་གཞན་རང་གི་ས་ཐོག་ཏུ་འོང་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་རིག་མི་སེར་གཞན་གྱི་དབང་སྒྱུར་སྟོབས་ཤུགས་དང་འདུས་སྡོད་ཁོར་ཡུག་དབུས་སུ་སིམ་ནས། རྩ་སྟོང་འགྲོ་ཉེན་ཆེ་བར་ཤོད་པའི་དཔེ་མཚོན་དག་ཐག་རིང་ཞིག་ལ་ལྟ་མི་དགོས་པར་ད་ལྟ་འཛམ་གླིང་ཐོག་ང་ཚོ་བོད་འདི་བཞག་ཆོག་པ་ཡིན།  
    འདས་པའི་ལོ་རྒྱུས་ནང་ང་ཚོ་དེ་འདྲའི་དཀའ་ངལ་ཅན་ཞིག་ཆགས་དགོས་ཀྱི་རྒྱུ་རྐྱེན་བཙལ་དུས། ང་ཚོ་ལ་རིག་གསར་གྱི་ཤེས་ཡོན་མ་བྱུང་བས་ཡིན་ཚུལ་གླེང་མཁན་མང་། ཡིན་ནའང་ང་ཚོས་གནད་དོན་དེ་ཐག་གཅོད་བྱེད་པར་སྐད་ཡིག་མ་གཏོགས་རིག་གསར་གྱིས་ཤེས་ཡོན་རྣམས་གཞན་སྐད་ཐོག་སློབ་སྦྱོང་བྱས་ན་དཀའ་ངལ་དེ་ལས་གྲོལ་ཐུབ་མིན་དེ་རེད། ང་ཚོས་མུ་མཐུད་རིག་གསར་གྱི་ཤེས་ཡོན་རྣམས་གཞན་སྐད་བརྒྱུད་དེ་ཕྱིན་ན། ནམ་ཞིག་ང་ཚོ་ནི་ཕྱི་གླིང་བའི་སྐད་ཡིག་གི་བྲན་གཡོག་ཅིག་ཆགས་ཏེ། དུས་ནམ་ཞིག་མདོ་དབུས་མཐོ་སྒང་གི་ས་བབ་དེ་འཇིག་རྟེན་གཞན་ཞིག་དང་ལོ་རྒྱུས་རང་བཞིན་གྱི་ས་བབ་དེའི་བདག་པོ་ངོ་མ་དེ་ཡང་མི་རིགས་གཞན་ཞིག་གི་ཚབ་མཚོན་དུ་གྱུར་པ་མ་རེད་དམ།  
    གནའ་དེང་གི་མཁས་པ་ཚང་མའི་སྡོམ་ཚིག་ཅིག་ནི། མི་རིགས་ཤིག་གི་སྐད་ཡིག་འཇིག་ཚེ་མི་རིགས་དེ་འཇིག་པར་ཤོད་པ་དང་། སྐད་ཡིག་འཇིག་ཉེན་ལྔ་བཤད་པའི་ཁྲོད་ཚོང་ལས་དཔལ་འབྱོར་གྱི་ཁྱབ་ཁོངས་ན། སྐད་ཡིག་ལ་བེད་སྤྱོད་ཀྱི་སྟོབས་ཤུགས་མེད་པ་སོགས་བཞག་ཡོད།  དེས་ན་ང་ཚོས་ངེས་པར་རིག་གསར་གྱི་ཤེས་ཡོན་གང་ཡོད་རང་སྐད་ཐོག་བསྒྱུར་ནས་རང་གི་ཕ་སྐད་ལ་གསོན་ཤུགས་རྒྱས་སུ་བཅུག་སྟེ། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་ནས་ཕྱི་དངོས་པོ་འཕེལ་རྒྱས་དང་ནང་བསལ་བློ་འཕེལ་རྒྱས་གཉིས་གཅིག་ཕན་གཅིག་གྲོགས་སུ་བྱུང་ན། དུས་ད་གཟོད་འཛམ་གླིང་མཐོ་སྒང་གི་གཞི་ཁྱིམ་དེ་མི་སྨོན་རང་སྐྱིད་ཀྱི་དག་ཞིང་ཞིག་ཆགས་རྒྱུར་ཐེ་ཚོམ་ཅི་ལ་ཡོད།

བོད་ཀྱི་ཆོས་རིག་དང་འཚོ་ཐབས་བར་གྱི་འབྲེལ་བ།

    ཤེས་ཡོན་སྲིད་བྱུས་གསར་བ་ལག་ལེན་དུ་བསྟར་དཀའ་བའི་འགག་རྡོ་ཆེ་ཤོས་ཤིག་ནི། བོད་ཀྱི་སྐད་ཡིག་གིས་འཚོ་བའི་དགོས་མཁོ་ཐག་གཅོད་མིན་དེར་ལྟ་བཞིན་ཡོད། གནད་དོན་དེ་བརྒྱུད་ནས་ཁག་ཅིག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་ཚད་སོགས་སུ་དཀའ་ངལ་ཡོད་སྐོར་བཤད། བསམ་ཚུལ་དེ་རིགས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཆགས་འཇིག་གི་ཐད་ནས་ལྟ་བཞིན་མེད་པར་མི་སྒེར་ཞིག་གི་འཕྲལ་སེལ་ལྟོ་གོས་ཐག་གཅོད་ཐོག་བལྟས་ནས་ཤོད་ཀྱིན་ཡོད། བཙན་བྱོལ་དུ་འབྱོར་མ་ཐག་རང་གཞུང་གིས་ཤེས་ཡོན་ཐོག་ཤུགས་སྣོན་ཆེར་སྐྱེད་ཀྱིས་སློབ་གྲྭ་གང་མང་ཞིག་འཛུགས་ཐབས་བྱས་པ་དེ། ང་ཚོ་མི་རིགས་ཤིག་འགྱེལ་ས་ནས་ལང་རྒྱུ་དོན་དུ་ཡིན་པ་ལས། མི་རབས་རིམ་པར་གཞན་ཡུལ་དུ་བསྡད་ནས་ལྟོ་གོས་རེག་ཐབས་ཆེད་ག་ལ་ཡིན།
    ཡང་གཅིག་བཤད་ན་མི་འདིའི་རིགས་ཀྱིས་མི་སྒེར་ཞིག་གི་འཕྲལ་སེལ་འཚོ་གནས་ཐད་ལའང་བསམ་གཞིགས་རྣལ་མ་ཞིག་བྱ་ཐུབ་མེད། ང་ཚོ་བོད་མི་གནས་ཡུལ་རྒྱ་དཀར་ནག་གིས་གཙོས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་མི་སུ་ཞིག་གིས་གནས་ཡུལ་དེའི་སྐད་ཡིག་དང་དེ་འབྲེལ་གྱི་རིག་གསར་ཤེས་ཡོན་ཚད་མཐོ་བོ་ཤེས་ཀྱང་། ཡུལ་གྲུ་དེ་དག་ཏུ་དེ་འདྲ་ཤེས་མཁན་འབུམ་ཕྲག་མང་པོ་ཡོད་པ་དང་། དེའི་ཁྲོད་བོད་མི་ཞིག་གིས་ཁོང་ཚོ་ལས་ཁྱད་འཕགས་རྣམ་དཔྱོད་སྟོན་ཐབས་མེད་སྐོར་༸གོང་ས་མཆོག་གིས་ཞལ་དྲོན་མོ་ནས་གསུངས་ཡོད།
    བོད་ཀྱི་རིག་གནས་དེ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གནད་དོན་ལས་བརྒལ་ནས་བཤད་ནའང་། དེང་སྐབས་བོད་བརྒྱུད་ནང་བསྟན་གཙོས་བོད་ཀྱི་རིག་གཞུང་ཁག་ལ་འཛམ་གླིང་ཐོག་དོ་སྣང་ཡོང་གཞི་གསར་བ་ཞིག་ཆགས་ཡོད་པ་དང། ང་ཚོས་དབྱིན་ཇི་སོགས་སྐད་ཡིག་དང་དེང་དུས་ཀྱི་ཤེས་ཡོན་གང་འཚམས་ཤེས་ཁར་རང་རེའི་ཆོས་རིག་ལེགས་པོ་ཤེས་ཚེ། ནུབ་ཕྱོགས་ཡུལ་གྲུ་ཁག་གཙོ་བོར་གྱུར་པའི་སློབ་ཆེན་འདྲ་མིན་ནང་སོ་སོར་དམིགས་བསལ་རྣམ་དཔྱོད་བཏོན་རྒྱུ་དང། བཙན་བྱོལ་དུ་སྡོད་རིང་ལའང་རྒྱ་གར་གྱིས་མཚོན་བོད་ཀྱི་ཆོས་རིག་མེད་པའི་སློབ་གྲྭ་ཁག་ནང་། བོད་མི་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་གྱིས་ལྟོ་གོས་བཙལ་བའི་གོ་སྐབས་མང་སྐོར་༸གོང་ས་མཆོག་གིས་ལན་གྲངས་དུ་མར་གསུངས་ཡོད་ལ། ལམ་སྟོན་དེ་ནང་བཞུད་ཚེ་རང་གི་འཚོ་གནས་ཙམ་དུ་མ་ཟད། མི་རིགས་ཤིག་གི་ལ་རྒྱའི་དབུ་འཕང་ཡང་མཐོ་རུ་བཏེགས་པ་མིན་ནམ།

སྔོན་མ།
༄༅། །གཞི་རིམ་སློབ་གྲྭའི་རིགས་ལམ་དང་ནང་ཆོས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ།
ཕྱི་མ།
སྔོན་འགྲོ་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།
Menu