ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ལས་གཞི།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཀའ་ཤག་སྐབས་བཅུ་གཉིས་པས་བཟོ་འགོད་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལ་བགྲོ་གླེང་ཞིབ་རྒྱས་བརྒྱུད་སྤྱི་མོས་གཏན་འབེབས་གནང་བ་ནས་བཟུང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མེས་དབོན་དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། དེ་རྗེས་སྲིད་བྱུས་ལག་བསྟར་གྱི་ཁྱབ་ཚད་རིམ་གྱིས་རྒྱ་བསྐྱེད་དེ་སམ་བྷོ་ཊ་དང་བོད་ཁྱིམ་སོགས་སུ་རིམ་པས་ལག་བསྟར་འགོ་བཙུགས། སྲིད་བྱུས་དགོངས་དོན་དང་མཐུན་པའི་གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད། གཞི་རིམ་དགེ་ལས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་ཕྱིར་ཟབ་སྦྱོང་རིམ་པ་གོ་སྒྲིག སྲིད་བྱུས་ནང་གསལ་ཆ་རྐྱེན་བཟོ་འགོད་ཆེད་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་གསར་འཛུགས། བྷུན་ཏར་དུ་གཅིག་བསྡུས་དགེ་རྒན་འོས་སྦྱོང་མཐོ་སློབ་གསར་འཛུགས་སོགས་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ལས་རིམ་གཞི་རྒྱ་ཆེ་བའི་སྒོ་ནས་སྤེལ་དང་སྤེལ་མུས་རེད། འདི་ལོར་ཡང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་གནད་ཡོད་ཁག་གཞི་རིམ་སློབ་གྲྭ་ཁག་ཏུ་ཤེས་ཡོན་རྟོག་ཞིབ་དང་ལམ་སྟོན་ཆེད་ཕྱོགས་བསྐྱོད་གནང་ཞིང་། འདི་ལོའི་ཟླ་༡༡ ཚེས་༢༤ ནས་༣༠ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་བྷུན་ཏར་དགེ་འོས་སློབ་ཁང་དུ་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་ངོ་སྤྲོད་ཆེད་གཞུང་དོན་ཕྱོགས་བསྐྱོད་གནང།
    དེ་ཡང་ཚེས་༢༥ ནས་༣༠ བར་ཉིན་དྲུག་རིང་། བྷུན་ཏར་དགེ་འོས་སློབ་གཉེར་ཁང་གི་གཅིག་བསྡུས་དགེ་རྒན་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་དང་། འདི་ལོར་གསར་དུ་བསྡུས་པའི་ཉེ་བའི་རིག་གནས་རབ་འབྱམས་པའི་དགེ་རྒན་འཛིན་གྲྭ་བཅས་ཁྱོན་འཛིན་གྲྭ་བཞིའི་སློབ་ཕྲུག་༩༡ ཡོད་པར་འཛིན་རིམ་རེར་ཚོགས་ཐུན་གཅིག་རེ་བཅས་ཉིན་དྲུག་རིང་ཟབ་སྦྱོང་གནང་ཞིང་། ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི་གཤམ་གསལ།

ཀ)  བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་གོ་དོན་དང་འཕེལ་རིམ།
ཁ)  བསླབ་གཞིའི་རྩ་འཛིན་དང་། སློབ་དེབ། ཡིག་རྒྱུགས། དགེ་རྒན།
ག)  རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན།
ང)  བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན།
ཅ)  གཞི་རིམ་བསླབ་གཞིའི་རྩ་འཛིན་གྱི་རྩ་དོན་གལ་ཆེན་ཁག
ཆ)  ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་ལག་བསྟར་གནང་ཕྱོགས།
ཇ)  བསླབ་གཞིའི་རྩ་འཛིན་དང་འབྲེལ་བའི་སློབ་ཚན་འཆར་འགོད།
ཉ)  དགེ་རྒན་རྣམས་ཀྱིས་བསླབ་གཞིའི་རྩ་འཛིན་ལག་བསྟར་གྱི་གནང་ཕྱོགས།

    ཟབ་སྦྱོང་གི་ལས་རིམ་ཡོངས་རྫོགས་རྩིག་བརྙན་འགྲེམས་སྟོན་(Powerpoint Presentation)ཐོག་གོ་སྒྲིག་གནང་ཞིང་། ཟབ་སྦྱོང་གི་དུས་ཡུན་རིང་སློབ་མ་རྣམས་ཀྱིས་དང་དོད་ཆེན་པོས་དྲི་བ་དྲིས་ལན་དང་། བགྲོ་གླེང་ཞིབ་རྒྱས་གནང་འདུག་པ་བཅས།

སྔོན་མ།
གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་འགོ་འཛུགས་ཞུས།
Menu