ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་རྒྱུས་སྟོན་པའི་ཟབ་སྦྱོང་ཐེངས་གཉིས་པ་མཇུག་བསྒྲིལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གཉིས་ཀྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སློབ་གྲྭ་ཁག་གི་རྒྱུས་སྟོན་པའི་ཟབ་སྦྱོང་གང་ལེགས་ངང་མཇུག་བསྒྲིལ་ཡོད།
ད་རེས་ཟབ་སྦྱོང་ནི་ཤེས་ཡོན་སྲིད་བྱུས་ཀྱི་རྒྱུས་སྟོན་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་རིམ་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། མཉམ་ཞུགས་གནང་མཁན་ནང་དྷ་ས་བོད་ཁྱིམ་དང་། སམྦྷོ་ཊ། མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་ནས་ཕེབས་པའི་ཤེས་ཡོན་སྲིད་བྱུས་ཀྱི་རྒྱུས་སྟོན་པ་ཤ་སྟག་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་འགའ་ཤས་བཅས་ཡོད།
ཐེངས་འདིའི་ཟབ་ཁྲིད་གནང་མཁན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་གཉིས་ཡིན་པ་དང་། ཁོང་གཉིས་ཀྱི་བྱེད་སྒོའི་ལམ་ནས་ཟབ་ཁྲིད་གནང་རྒྱུའི་ཐབས་བྱུས་ནི་བོད་པའི་སྤྱི་ཚོགས་ནང་ཡོངས་གྲགས་ཡིན་པར་སོང་། ཟབ་སྦྱོང་གོ་སྒྲིག་ཞུ་མཁན་གྱིས་ངོས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་བྱེད་སྒོའི་ལམ་ནས་སྤེལ་རྒྱུའི་ཐོག་ལྟེ་གནས་ཁང་ལ་དུས་རྒྱུན་རིང་པོ་ནས་འབོད་སྐུལ་ཞུས་པ་ལྟར། ད་རེས་ཁོང་རྣམས་ཀྱིས་བྱེད་སྒོ་གསར་པ་བཟོ་སྒྲིག་གནང་བ་ཁག་ཟབ་སྦྱོང་ཙམ་དུ་མ་ཟད། ཡིག་ཐོག་ཏུའང་བཀོད་ནས་མཉམ་ཞུགས་གནང་མཁན་ལ་འགྲེམས་སྤེལ་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་ཚོགས་བཅར་བ་ཡོངས་ལ་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གསུང་བཤད་དང་ལམ་སྟོན་དེབ་ཕྲེང་དང་པོ་དང་གཉིས་པ་འགྲེམས་སྤེལ་གནང་ཡོད་པ་མ་ཟད། ཟབ་སྦྱོང་ཐེངས་གསུམ་པ་མ་འཚོགས་གོང་ལ་ཡིག་ཆ་དེ་དག་སློབ་སྦྱོང་གང་ལེགས་གནང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་ཡང་གནང་ཡོད།
དེ་བཞིན་གོ་སྒྲིག་ཞུ་མཁན་ནས་ཉིན་གཉིས་ཀྱི་ཟབ་སྦྱོང་དེ་ཉིད་དོན་དང་ལྡན་པ་ཆགས་སོང་ལ། མཉམ་ཞུགས་གནང་མཁན་ཡོངས་ནས་བསམ་ཚུལ་འགེངས་ཤོག་ནང་ཞལ་གཅིག་གྲགས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་བ་དང་། མ་འོངས་པར་འདི་འདྲ་བའི་བྱེད་སྒོ་མང་པོ་ཡོད་པའི་ཟབ་སྦྱོང་གང་མང་གོ་སྒྲིག་ཞུ་རྒྱུའི་འབོད་སྐུལ་ཡང་གནང་སོང་།
ཉིན་གཉིས་ཀྱི་ཟབ་སྦྱོང་དེ་ཉིད་ཤེས་ཡོན་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་པདྨ་ནས་དགའ་བསུའི་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་ངོ་སྤྲོད་དང་། དེའི་རྗེས་སུ་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་བསྟན་འཛིན་རྡོ་རྗེ་ལགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་ངོ་སྤྲོད་དང་། དངོས་གཞིའི་ཟབ་སྦྱོང་ཁག་བྱེད་སྒོའི་ལམ་ནས་སྤེལ་གནང་ཡོད།
མཇུག་བསྡོམས་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་མཆོག་ནས་དགེ་རྒན་ཚོའི་ངོས་ནས་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་གང་ལེགས་དགོས་པ་མ་ཟད། སྲིད་བྱུས་ཐོག་ངེས་པ་བརྙེད་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་དང་། རྨང་གཞི་དེའི་སྟེང་དགེ་རྒན་སོ་སོའི་ངོས་ནས་སློབ་ཁྲིད་ཐབས་ལམ་འདྲ་མིན་གསར་གཏོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཅས་གསུངས་སོང་།
ད་དུང་ཁོང་གིས། འབྱུང་འགྱུར་བོད་མི་རིགས་དང་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཆགས་རྒྱུ་ཡིན་པར་ད་ལྟ་ང་ཚོའི་སྤྲོད་བཞིན་པའི་ཤེས་ཡོན་ལ་རག་ལུས་ཀྱི་ཡོད་པར་སོང་། ང་ཚོའི་ཕྲུ་གུ་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ཡང་ཐོག་མ་སྔོན་འགྲོ་དང་གཞི་རིམ་འོག་མ་ནས་འགོ་བཙུགས་ཏེ་ཤུགས་རྒྱག་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་ང་ཚོ་ཚང་མས་དེའི་ཐོག་དགོངས་པ་ཆེན་པོ་བཞེས་ནས་ཤུགས་འཕར་མ་རྒྱག་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ད་རེས་ཉིན་གཉིས་ཀྱི་ཟབ་སྦྱོང་ཐོག་དཔལ་འབྱོར་གྱི་མཐུན་འགྱུར་ཨ་རིའི་རོགས་ཚོགས་(USAID) ནས་གནང་ཡོད།

སྔོན་མ།
ཕྱི་ལོ་ ༢༠༡༨ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།
ཕྱི་མ།
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
Menu