ཟླ་རེའི་གསར་འགྱུར།

ཤེས་རིག་དཔར་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

གསར་འཕྲིན།

༄༅། །འདི་གའི་བོད་ཡིག་ཚན་པའི་གསར་འགོད་པས་ལྡི་ལི་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ ཉིན་ལྡི་ལི་ (Laxmi Nagar) ལཀ་ཤི་མི་ན་གར་དུ་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཡན་ལག་བྱང་ཆུབ་ཆོས་གླིང་དགོན་པའི་ཚོམས་ཆེན་དུ་ཤེས་རིག་དཔར་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ།
   དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། ལྡི་ལིར་བཅའ་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས། ཤེས་རིག་དྲུང་ཆེའི་སྐུ་ཚབ་ཤེས་རིག་རྩོམ་རིག་འགན་འཛིན་ཀརྨ་སྨོན་ལམ་ལགས། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་དང་བརྒྱ་དཔོན། ལྡི་ལི་རྒྱ་གར་དཔར་ཁང་ཚོགས་པའི་འགན་འཛིན། ཤེས་རིག་དཔར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། འབྲེལ་ཡོད་རྒྱ་གར་ཁམས་པ་དང་སྐུ་མགྲོན་ལས་བྱེད་རྣམ་པ་བཅས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་རྗེས་རིམ་པས་སྐུ་མགྲོན་ཚང་མས་མཇལ་དར་སྒྲོན་འབུལ་ཞུ་བཞིན་བདེན་ཚིག་སྨོན་ལམ་འུར་འདོན་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང། དེ་ནས་བློ་གསལ་གླིང་རྟེན་མཆོག་དྲུང་དུ་མར་མེ་བརྒྱ་མཆོད་འབུལ་བཤམས་ཐོག་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཉིས་ཞུས་ཡོད། དེ་རྗེས་ཤེས་རིག་དཔར་ཁང་འགན་འཛིན་བློ་བཟང་དཀོན་མཆོག་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་ཤེས་རིག་དཔར་ཁང་གི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་ཤེས་རིག་དཔར་ཁང་གི་དྲ་རྒྱ་དབུ་འབྱེད་གནང་།
    གསར་དུ་དབུ་འབྱེད་གནང་བའི་དྲྭ་རྒྱའི་ཁ་བྱང་ནི། www.sherigparkhang.comཡིན་འདུག དེ་ནས་ཤེས་རིག་རྩོམ་རིག་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་ཤེས་རིག་དཔར་ཁང་གི་ལོ་རྒྱུས་ཕྱག་དེབ་དབུ་འབྱེད་གནང་། དེ་རྗེས་ཤེས་རིག་དྲུང་ཆེའི་སྐུ་ཚབ་ཀརྨ་སྨོན་ལགས་ཀྱིས་གསུང་བཤད་གནང་དོན། སྔར་གྱི་དམིགས་དོན་གཞིར་བཟུང་འདས་པའི་ལོ་ལྔ་བཅུའི་ནང་ལས་དོན་ཡག་པོ་སྒྲུབ་པར་ཤེས་རིགས་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཤེས་རིག་དཔར་ཁང་འདི་བཞིན་རང་ཁ་རང་གསོ་བྱས་པའི་ཐོག་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་སྡེ་ཚན་ཁག་དགོས་མཁོ་བསྐྲུན་ཐུབ་པ་མ་ཟད། སྒྲིག་འཛུགས་ནང་ཕན་ཚུལ་དམ་མཐུན་གྱི་ཤ་ཞེན་ལྷག་བསམ་རྣམ་དག་གི་ལས་དོན་སྒྲུབ་དགོས་དེ་ལྟར་བྱུང་ན་སྔར་ལས་ལྷག་པའི་གྲུབ་འབྲས་ནུས་པ་ཐོན་རྒྱུ་ཡོད་སྐོར་དང་། ལྷག་པར་དུ་ཚོགས་པའི་འགྲོ་སྟངས་ཡུལ་ཁྲིམས་དང་མཐུན་པའི་གནས་བབ་དགོས་སྐོར་གལ་ཆེ་དང་། ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་སྔར་སྲོལ་གྱི་དཔེ་རྒྱུན་དག་དཔར་སྐྲུན་གྱིས་དེང་དུས་ཀྱི་ཚོང་ར་དང་མཐུན་པའི་འགྲེམས་སྤེལ་གནང་ཐུབ་ན་ཚོགས་པ་སོགས་ལ་ཕན་ཐོགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
    དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ཤེས་རིག་དཔར་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཤེས་རིག་དཔར་ཁང་ཐོག་མའི་འགོ་ཚུགས་སྟངས་དེའང་༸གོང་ས་མཆོག་གིས་མ་རྩ་ཧིན་སྒོར་ ༩༠༠༠ གསོལ་རས་སྩལ་བའི་ཐོག་ནས་བཙུགས་ཏེ་ད་ལྟའི་ལས་བསྡོམས་ནང་གི་མ་དངུལ་གྱི་མ་རྩ་དང་བལ་ཡུལ་སོགས་ས་གནས་ཁག་གི་ཡན་ལག་ཁག་ཏུ་བལྟས་ན་ཡར་རྒྱས་ཆེན་པོ་བྱུང་བ་དང་དེ་དག་ཀྱང་ལས་བྱེད་རྒན་རབས་ཚོས་དཀའ་ངལ་བསྐྱོན་པ་ལས་བྱུང་བར་བརྟེན་ལོ་ངོ་ལྔ་བཅུའི་རྗེས་དྲན་དང་སྦྲགས་བསྔགས་བརྗོད་ཞུ་གི་ཡོད། དེ་བཞིན་བཀའ་ཤག་གསར་པའི་ལྟ་གྲུབ་ལྟར་ན་ཤེས་རིག་དཔར་ཁང་འདི་བཞིན་རང་སྐྱོང་ངོ་བོའི་ཐོག་རང་ཁ་རང་གསོ་ཐུབ་པ་དང་། གསར་གཏོད་ཆ་ནས་དེང་དུས་འཕྲུལ་ཆས་དང་མཐུན་པའི་ཡར་རྒྱས་གཏོང་ཕྱོགས་དང་། ཆིག་སྒྲིལ་ཐོག་ནས་ཤེས་རིག་དཔར་ཁང་ནས་བསྐྲུན་པའི་དཔེ་དེབ་ཀྱི་ལྟ་གྲུབ་དང་བརྗོད་བྱའི་ཐད་ནས་སྤྱི་ཚོགས་ལ་བརྡབ་གསིགས་དང་མི་གནོད་པ་དགོས་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དང་འབྲེལ་བ་ཞིག་ཆགས་ཀྱི་ཡོད། སྔར་གྱི་མི་ཚོས་དཀའ་ངལ་བརྒྱབ་པར་བརྟེན་སྐྱབས་བཅོལ་ནང་ནས་ཤེས་ཡོན་དང་རིག་གཞུང་བསྟི་གནས་སོགས་ཕྱོགས་གང་ཐད་ནས་སྐྱབས་བཅོལ་བའི་གནས་སྟངས་ལེགས་ཤོས་ཡིན་པ་དེ་དག་༸གོང་ས་མཆོག་གིས་ལམ་སྟོན་བཀའ་དྲིན་ལ་བརྟེན་ནས་བྱུང་སྟབས་མ་འོངས་པར་ཕྱག་ལས་གནང་ཕྱོགས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་གནང་དགོས་པ་མ་ཟད། དེ་བཞིན་དཔར་སྐྲུན་ལས་གཞི་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་ལམ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་དཔར་ཁང་གི་དྲུང་ཆེ་ཚེ་དབང་ནོར་བུ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་དངོས་གཞི་གྲོལ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ལོ་ངོ་ལྔ་བཅུའི་དྲན་གསོའི་འགྲེམས་སྟོན་དབུ་འབྱེད་དང་འབྲེལ་གཟིགས་སྐོར་གནང་ཡོད།
    ཤེས་རིག་དཔར་ཁང་ནི་ཕྱི་ལོ་ ༡༩༦༡ ལོར་ཐོག་མར་སྐུ་སྒེར་གཟིམ་ཆུང་ནས་མ་རྩ་འདོན་གནང་གི་རང་སྐྱོང་ངོ་བོར་བཙུགས་པ་ཞིག་ཡིན་འདུག རྒྱ་ནག་གཞུང་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བདག་བཟུང་བྱས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་གི་གླེགས་བམ་ཐམས་ཅད་རྩ་གཏོར་བཏང་བར་བརྟེན། བཀའ་བསྟན་གསུང་རབ་དེ་དག་སླར་ཡང་གསོ་ཐབས་དང་བོད་ཀྱི་མ་འོངས་སོན་རྩ་རྣམས་ཀྱི་དགོས་མཁོའི་སློབ་གཞིའི་སློབ་དེབ་དཔར་སྐྲུན། ལྷག་པར་ཧི་མ་ལ་ཡ་རི་རྒྱུད་ལ་སོགས་པར་བོད་ཀྱི་ཐུན་མིན་རིག་གནས་བཅུས་སློབ་དེབ་ཉེར་མཁོ་རིགས་དཔར་སྐྲུན་གྱི་རེ་འདུན་ཆ་ཙམ་སྐོང་ཆེད་ཡིན་འདུག་པ་དང། ད་ལྟའི་དབུས་དང་ས་གནས་ལ་ལས་བྱེད་མི་གྲངས་ ༣༣ ཡོད་འདུག་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
བཀའ་ཁྲི་མཆོག་གིས་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུའི་དུས་དྲན་ཉིན་གསུམ་པར་གསུང་བཤད་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།
Menu