ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་ཀོ་ལེ་གྷལ་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་གནང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་ལས་འཆར་ཚན་པའི་ལས་བྱེད་རྡོ་རྗེ་དབང་ཕྱུག་ལགས་རྣམ་གཉིས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་ཧུན་སུར་དང་། ཀོ་ལེ་གྷལ། བྷེལ་ཀོབ། མོན་གྷོ་འདོད་རྒུ་གླིང་བཅས་ཀྱི་གཞིས་སློབ་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་། སློབ་གྲྭ་དེ་དག་ནི་ཕྱི་ལོ་ ༢༠༡༨ ཟླ་ ༥ ནང་དབུས་བོད་སློབ་འཛིན་ཚོགས་ནས་སམ་བྷོ་ཊ་སློབ་གྲྭར་རྩིས་སྤྲོད་གནང་བ་ཞིག་ཡིན།
དེ་ཡང་ཐེངས་འདིའི་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ས་གནས་སུ་འཚམས་གཟིགས་གནང་དགོས་དོན་གཙོ་བོ་ནི། སློབ་གྲྭ་ཁག་གི་སྤྱིའི་ལས་དོན་གནང་ཕྱོགས་ལ་རྟོག་ཞིབ་དང་། སློབ་གྲྭ་དེ་དག་གིས་ཨ་རིའི་ཐེབས་རྩ་ USAID ཁང་དང་རོགས་ཚོགས་ཁག་ལ་ལས་འཆར་འདྲ་མིན་ཆེད་རོགས་དངུལ་ཞུས་པ་དེ་དག་ལ་བསྐྱར་ཞིབ་གནང་རྒྱུའི་ཆེད་ཡིན།
ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་ཤེས་རིག་དྲུང་ཆེ་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་དང་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་གནང་སྐབས་སློོབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས། དྲུང་ཆེས་སློབ་གྲྭའི་སྔ་དྲོ་འདུ་འཛོམས་ལ་རྟོག་ཞིབ་གནང་སྟེ་འཛིན་གྲྭ་ཁག་ལ་གཟིགས་ཞིབ་ཀྱིས་སློབ་ཕྲུག་དང་དགེ་རྒན་བཅས་ལ་རྒྱུས་ལོན་གནང་བ་མ་ཟད། སྔོན་འགྲོའི་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར་གྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་ཐུག་འཕྲད་གནང་བ་དང་། ཉིན་རྒྱབ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་དང་དེང་རབས་ཤེས་ཡོན་གཉིས་ཀྱི་དགོས་དམིགས་ཀྱིས་གཙོས་སློབ་ཕྲུག་རྣམས་ནས་འདབ་གཤོག་གཉིས་ལྡན་ཞིག་ཡོང་བར་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་སྒོ་གསུམ་གྱི་སྤྱོད་པ་བཟང་པོ་ཞིག་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་དགོས་པའི་སྐོར་ལམ་སྟོན་གནང་།
དེ་བཞིན་སློབ་ཕྲུག་རྣམས་ལ་སློབ་གྲྭ་དེ་ག་རང་ནས་སྨན་པ་དང་། ཁྲིམས་རྩོད་པ། སོའི་སྨན་པ། འཆར་འགོད་པ། དགེ་རྒན་སོགས་ཆེད་ལས་མི་སྣ་མང་པོ་ཐོན་ཡོད་པའི་སྐོར་གསུང་བཤད་གནང་།
ཕྱོགས་མཚུངས་དགེ་ལས་སློབ་ཕྲུག་ཡོངས་ལ་ཐུག་འཕྲད་ཀྱིས་དགེ་རྒན་རྣམ་པར་སློབ་ཕྲུག་གི་མདུན་ལམ་བཟང་པོ་ཡོང་བར་འགན་ཡོད་པའི་སྐོར་དང་། སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་ཚགས་ཚུད་ཡོང་བར་ཚང་མར་འགན་འཁྲི་ཡོད་པ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཕ་མའི་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་སློབ་གྲྭ་ཚགས་ཚུད་ཡོང་བར་མཐུན་འགྱུར་རོགས་རམ་གནང་དགོས་པ་སོགས་ཀྱི་སྐོར་ལམ་སྟོན་གསུང་བཤད་གནང་།
ཕྱི་ཚེས་ ༡༧ ཉིན་མི་མང་ཚོགས་ཁང་དུ་ས་གནས་ཀྱི་བོད་མི་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ནོར་བཟང་པོ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་བཅས། །

སྔོན་མ།
ཕྱི་ལོ་ ༢༠༡༨ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཚད་མཐོའི་རིག་རྩལ་གྱི་དགེ་རྒན་ལག་དེབ་བཟོ་འགོད་ཚོགས་འདུ།
Menu