ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དང་མ་ནཱ་ལི་བཅས་སུ་ཉིན་གྲངས་གཉིས་རིང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད།  
    དེ་ཡང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐོག་མར་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་འབྱོར་སྐབས་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་དང་། དེ་བཞིན་ཀུ་ལུ་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དཔལ་འབྱོར་ལགས་བཅས་ཀྱིས་སྣེ་ལེན་དང་འབྲེལ་དྲུང་ཆེ་མཆོག་གིས་དགེ་འོས་མཐོ་སློབ་ཁང་ནང་ལྟ་སྐོར་གནང་བ་དང། སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་རྗེས་དགེ་འོས་མཐོ་སློབ་ཁང་གི་དགེ་རྒན་རྣམ་པར་ཟུར་དུ་ཐུག་འཕྲད་ཀྱང་གནང། དེ་བཞིན་ཉིན་དེར་སློབ་ཕྲུག་རྣམས་ཀྱིས་ཁང་ཚན་ནང་ཁུལ་དུ་དུད་འགྲོའི་སྐོར་གྱི་ཚན་རིག་བགྲོ་གླེང་འགྲན་སྡུར་ཞིག་ཀྱང་ཚོགས།
    ཐེངས་འདིའི་ཤེས་རིག་དྲུང་ཆེ་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱང་ལྷན་བཅར་ཞུས་ཡོད་པ་དང། ཕྱི་ཚེས་ ༢༤ ཉིན་ཁོང་རྣམ་གཉིས་མ་ནཱ་ལི་སམ་བྷོ་ཊ་བོད་མིའི་སློབ་གྲྭར་གཟིགས་སྐོར་གྲུབ་རྗེས་ལྡི་ལིར་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སུ་མཉམ་ཞུགས་གནང་ཆེད་ཕེབས་ཐོན་གནང་ཡོད།
    དགེ་འོས་མཐོ་སློབ་ཁང་འདི་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ཉིན་ཝཱར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཆ་ཤས་ཀྱི་ངོ་བོའི་ཐོག་དབུ་འབྱེད་གནང་བ་དང། འདི་ལོ་སློབ་མ་ཁྱོན་གྲངས་ ༥༣ ལ་ཚན་རིག་དང་སྒྱུ་རྩལ་(B.Sc.B.Ed /B.A.B.Ed ) ཐོག་ལོ་བཞིའི་དུས་ཡུན་ཅན་གྱི་གཅིག་བསྡུས་མཐོ་རིམ་རིག་གནས་རབ་འབྱམས་པ་དང་དགེ་འོས་ཁོངས་སུ་སློབ་འཇུག་གནང་ཡོད་འདུག་པ་བཅས།།

སྔོན་མ།
བོད་མིའི་ཤེས་ཡོན་ལས་འཆར་གཞུང་འབྲེལ་དབུ་འཛུགས་གནང་བའི་གསལ་བསྒྲགས་གནང་།
ཕྱི་མ།
གཞི་རིམ་གོང་མའི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་རྩ་འཛིན་ཚོགས་འདུ།
Menu