ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༩༢ པའི་སྟེང་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་དྲུང་འཕར་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཅང་སཱན་ (L.S. Changsan) ལགས་ཀྱི་གཙོ་སྐྱོང་འོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༩༢ དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༩ ཉིན་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱ་གར་དབུས་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་དང་དཔལ་འབྱོར་སློབ་སྟོན་པ་ལྕམ་སྐུ་ཌར་ཤན་དྷ་བྷར་ཝལ་ (Mrs. Darshan M. Dabarwal) ལགས་དང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ཊི་ཨེས་རཽ་ཏེ་ལ་ (T.S Rautela) ལགས། དབུས་བོད་སློབ་འཛིན་ཚོགས་ཀྱི་ཟུང་འབྲེལ་ངེས་སྟོན་པ་པྲྀ་ཏམ་སིངྒ་(T. Pritam Singh) ལགས་དང་ཨེ་ཨེས་རཱ་ཝཊ་ (A.S Rawat) ལགས་བཅས་མཉམ་ཞུགས་གནང་ཡོད།

དེ་ཡང་ཚོགས་འདུའི་ཐོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ངོས་ནས་ད་བར་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་གཟེངས་སུ་ཐོན་པའི་སློབ་སྦྱོང་གནང་བའི་སྐོར་དང་། དབུས་བོད་སློབ་འཛིན་ཚོགས་མཇུག་སྡུད་སྐོར་གྲོས་བསྡུར་གནང་ཡོད། རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་དྲུང་འཕར་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཅང་སཱན་ལགས་ཀྱིས་དབུས་བོད་སློབ་འཛིན་ཚོགས་མཇུག་སྡུད་བྱེད་ཀྱི་ཡོད་པས་སེམས་ཚོར་དྲག་པོ་ཞིག་ཡོང་གི་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མུ་མཐུད་མཇུག་སྐྱོང་གནང་ཐུབ་པ་དང་། རྒྱ་གར་གཞུང་གིས་མུ་མཐུད་བཙན་བྱོལ་བོད་མིའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ཆེད་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། ལྷག་པར་བོད་པའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་སླད་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཞུས་གནང་ཡོད། གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤུས་ཚད་ལྡན་པ་སྤྲོད་རྒྱུ་ཙམ་མ་ཟད། སློབ་ཕྲུག་ཚང་མ་མི་བཟང་པོ་ཞིག་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་པའི་སློབ་ཕྲུག་རྣམས་ལ་སློབ་སྤྱོང་གནང་བར་ཐུགས་རྗེ་ཆེ་ཞུའི་སླད་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་བྱེད་རྣམས་ལ་ཕེབས་སྐྱེལ་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད། ཕེབས་སྐྱེལ་གྱི་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་ནི་བོད་པའི་སློབ་ཕྲུག་རྣམས་ལ་དེང་རབས་ཤེས་ཡོན་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་སློབ་སྦྱོང་ཚད་དང་ལྡན་པ་སྤྲོད་དགོས་པ་དེ་ཆགས་ཡོད། རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་པའི་ཕྲུ་གུ་རྣམས་ཀྱི་ཆེད་ཟུར་དུ་སློབ་གྲྭ་བཙུགས་ཏེ་འདས་པའི་ལོ་ངོ་དྲུག་ཅུ་རིང་སློབ་སྦྱོང་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་སློབ་སྦྱོང་གནང་བའི་སློབ་ཕྲུག་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། འཛམ་གླིང་གང་སར་ཕྱག་ལས་གནང་དང་གནང་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད། །

སྔོན་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་ཕོ་མོའི་ཁམས་དང་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་ཀྱི་དྲ་ཐོག་ཟབ་ཁྲིད་གོ་སྒྲིག་གནང་བ།
ཕྱི་མ།
ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།
Menu