ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་མ་སུ་རི་བོད་ཁྱིམ་གྱི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་མཛད་སྒོར་གསུང་བཤད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ སྟེང་། མ་སུ་རི་བོད་ཁྱིམ་གྱི་རྩེད་ཐང་ར་བའི་ནང་སློབ་གྲྭའི་ཁང་ཚན་ནང་ཁུལ་ལོ་གཅིག་གི་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེར་འདུས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན།
ང་རང་དེ་རིང་མ་སུ་རི་བོད་ཁྱིམ་གྱི་རྩེད་འགྲན་ལ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐོག་མར་ངས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་དགེ་ལས་སློབ་ཕྲུག་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ལུས་རྩལ་འགྲན་བསྡུར་བྱེད་རྒྱུ་དེ་འཕྲོད་བསྟེན་སོགས་གང་ཅིའི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁྱེད་རང་ཚོའི་ནང་ནས་སློབ་ཕྲུག་གང་རུང་ཞིག་རྩེད་མོ་སྣེ་གཅིག་ལ་ཕུལ་དུ་བྱུང་བ་ཞིག་ཆགས་ན། དེའི་ཐོག་ནས་རང་ཉིད་ཙམ་མ་ཟད། སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་ཨོ་ལེམ་པིཀ་རྩེད་འགྲན་སྐབས། ང་ཚོ་བོད་པའི་བུ་མོ་གཅིག་གིས་འགྲན་བསྡུར་ནང་རྒྱལ་ཁ་བླངས་ཡོད་པ་ལྟར། སློབ་ཕྲུག་ཁྱེད་རང་ཚོས་ཀྱང་སེམས་ཤུགས་ཡོད་པའི་ཐོག་ཡར་རྒྱས་གོང་འཕེལ་གཏོང་ཐབས་ལ་སྔར་ལྷག་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་བཀའ་བློན་མཆོག་གིས་ཉིན་རྒྱབ་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་སྔར་ལྷག་འབད་བརྩོན་བྱེད་དགོས། བོད་ནང་ལ་ཆ་བཞག་ན། རྒྱ་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་འོག་བོད་མིར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བརྟེན། བོད་ནང་གི་བོད་མི་བརྒྱ་དང་སུམ་ཅུ་བརྒལ་བས་བོད་བསྟན་སྲིད་མི་རིགས། རང་དབང་ཆེད་རང་ལུས་མེར་སྲེག་བཏང་ཡོད། དེར་བརྟེན་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་སྤྱི་དང་། ཡང་སྒོས་སློབ་ཕྲུག་ཁྱེད་རང་ཚོས་རང་ལུས་མེར་སྲེག་གཏོང་མཁན་ཁོང་རྣམ་པའི་མངོན་འདོད་སྒྲུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་ལྟར། བོད་ཡིག་གཙོ་བཟུང་ཐོག་དེང་དུས་ཀྱི་ཤེས་ཡོན་ལ་སློབ་གཉེར་བྱས་ཏེ། འདབ་གཤོག་གཉིས་ལྡན་གྱི་མི་ཞིག་ཆགས་པ་བྱེད་དགོས། ཞེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་འདུག

སྔོན་མ།
འཛིན་གྲྭ་གསུམ་པ་དང་ལྔ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་དང་སློབ་གྲྭ་གཞན་དབར་གྱི་སློབ་མའི་སྦྱངས་འབྲས་གཤིབ་བསྡུར་དང་། གྲུབ་འབྲས་ཉམས་ཞིབ་ལས་རིམ་འགོ་འཛུགས་ཞུས།
Menu