ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་ཕྱོགས་ཕེབས་གནང་སྟེ་ཤེས་རིག་དང་འབྲེལ་བའི་ལས་དོན་རྒྱ་ཆེ་སྤེལ་བ།

གསར་འཕྲིན།

༄༅། །ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ཟླ་ ༣ ནང་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་བར་(Ottawa) ཕེབས་ནས་ཁེ་ན་ཌའི་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་སྐབས། རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ཁེ་ན་ཌའི་སྲིད་གཞུང་ནས་རོགས་རམ་ཐོབ་ཐབས་གནང་འདུག
དེ་རྗེས་ཕྱི་ཟླ་ ༣ ཚེས་ ༥ ཉིན་གྱི་ཕྱི་དྲོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཁེ་ན་ཌའི་གྲོང་ཁྱེར་མོན་རེལ་དུ་ (Montreal) ཕེབས་འབྱོར་སྐབས། ཁྱུ་སྦེག་(Quebec) ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ཨ་རིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་ངག་དབང་ཡོན་ཏན་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག སྤྱིར་གྲོང་ཁྱེར་མོན་རེལ་ནང་བོད་མི་གྲངས་ ༡༤༠ ཙམ་ལས་མེད། སྐབས་དེར་བཀའ་བློན་མཆོག་གིས་བོད་མི་རྣམས་ལ་གསུང་བཤད་གནང་སྐབས་བཀའ་བློན་མཆོག་ཐེངས་འདིར་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝའི་ནང་ཕེབས་དགོས་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་གཞི་གསར་རྙིང་ཁག་ངོ་སྤྲོད་གནང་བ་མ་ཟད། ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུའི་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་ཀློག་སྟངས་ཡར་རྒྱས་དང་། དེ་བཞིན་གཞི་རིམ་སློབ་གྲྭའི་སློབ་དགེ་རྣམས་ལ་ཟབ་སྦྱོང་ཕུལ་རྒྱུ། ཕྱོགས་མཚུངས་བོད་ཕྲུག་ཚོ་མཐོ་སློབ་ཁག་ནང་ཤེས་ཡོན་མུ་མཐུད་སྦྱོང་ཆེད་སློབ་ཡོན་མཁོ་སྒྲུབ་ཞུ་ཕྱོགས་སོགས་ཀྱི་ཐད་གསུང་བཤད་གནང་།
སྐབས་དེར། བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་འོག་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ཡོད་པ་ཙམ་མ་ཟད། <<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ>> ཞེས་པ་དེར་དོ་སྣང་གནང་ནས་ངེས་པར་དུ་ཡིག་ཆ་དེའི་ནང་བོད་མིའི་མངོན་འདོད་རྣམས་གང་ཡིན་གསལ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་ཡོད།
ཕྱི་ཚེས་ ༦ ཉིན། བཀའ་བློན་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་(Toronto) གནམ་ཐང་དུ་ཕེབས་འབྱོར་སྐབས། ཨོན་ཊེ་རིའོ་(Ontario) ནང་རྟེན་གཞི་བྱས་པའི་ཁེ་ན་ཌ་བོད་རིགས་མཐུན་ཚོགས་(CTAO) ཀྱི་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་དང་། རྒྱུན་ལས་བསྟན་འཛིན་མཁས་གྲུབ་ལགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། ཁུལ་དེར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་བོད་རིགས་ཚོགས་པའི་ཚོགས་ཁང་བཅས་སུ་གཟིགས་ཞིབ་གནང་བ་དང་། ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་ཀྱིས་ཚོགས་པ་ངོ་སྤྲོད་དང་། ད་ལྟའི་ལས་དོན་བྱེད་ཕྱོགས་སོགས་ཞིབ་ཕྲ་ངོ་སྤྲོད་ཞུས་པ་མ་ཟད། ཤེས་རིག་བཀའ་བློན་མཆོག་དང་ལྷན་དགོང་དྲོའི་གསོལ་སྟོན་སྐབས་ཁུལ་དེའི་བོད་མི་སྤྱི་དང་ལྷག་པར་བོད་ཕྲུག་ཚོའི་ཤེས་ཡོན་སྐོར་གོ་བསྡུར་ལྷུག་པོ་གནང་རྒྱུའི་གོ་སྐབས་ཐོབ་པར་ས་གནས་བོད་མི་རྣམས་དགའ་ཚོར་ཆེན་པོ་གནང་།
ཕྱི་ཚེས་ ༧ ཉིན་ཤེས་རིག་བཀའ་བློན་མཆོག་ཁེ་ན་ཌའི་བོད་ཕྲུག་ལས་འཆར་ཚོགས་(Tibetan Children’s Project Canada) པའི་རྒྱུན་ལས་ཚོགས་མི་རྣམས་དང་། གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་པ་ཁག་ཅིག་གི་ཚོགས་མི་བཅས་དང་ཐུག་འཕྲད་གནང་འདུག
སྐབས་དེར་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་དང་ལྷག་པར་རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་མཐུན་འགྱུར་རོགས་རམ་གནང་ཕྱོགས་དང་སློབ་ཕྲུག་ཚོས་མཐོ་སློབ་ཁག་ནང་མུ་མཐུད་ཤེས་ཡོན་ཡར་རྒྱས་གཏོང་ཆེད་སློབ་ཡོན་མཁོ་བསྡུ་གནང་ཕྱོགས་སྐོར་སོགས་ལ་གོ་བསྡུར་ལྷུག་པོ་གནང་བ་མ་ཟད། ཚོགས་བཅར་བ་རྣམས་ཀྱིས་ལས་གཞི་དེ་དག་ཐོག་ཁ་ཞེ་ངོ་ལྐོག་མེད་པར་རང་ནུས་གང་ཡོད་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་པས་བཀའ་བློན་མཆོག་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་འདུག

ཉིན་དེའི་ཉིན་རྒྱབ་ཏུ་བཀའ་བློན་མཆོག་གི་ཊོ་རོན་ཊོའི་བོད་རིགས་མི་གྲངས་ ༣༠༠ ལ་གསུང་བཤད་གནང་བ་མ་ཟད། དྲི་བ་རྣམས་ལ་ལན་འདེབས་དང་གསལ་བཤད་ཀྱང་གནང་འདུག བཀའ་བློན་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ཉིན་མཐའ་མའི་སྐབས་དེ་སྔ་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་བགྲེས་ཡོལ་ཕེབས་པ་ ༣༠ ཡོད་པ་རྣམས་ཀྱིས་བཀའ་བློན་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་སྦྲགས། ཤེས་རིག་བཀའ་བློན་མཆོག་གིས་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་ཡུན་ཟིན་ནས་བགྲེས་ཡོལ་དུ་ཕེབས་ཟིན་ནའང་། སླར་ཡང་དྷ་སར་ཕེབས་ནས་མུ་མཐུད་ཤེས་རིག་ལས་ཁུངས་ནང་ཕྱག་ལས་གནང་བར་བསྔགས་བརྗོད་ཤུགས་ཆེ་གནང་འདུག

སྔོན་མ།
གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ནིའུ་ཡོཀ་དང་ཀ་ནཀ་ཊི་ཀར་ཕྱོགས་ཕེབས་གནང་བ།
Menu