ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ནིའུ་ཡོཀ་དང་ཀ་ནཀ་ཊི་ཀར་ཕྱོགས་ཕེབས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནིའུ་ཡོཀ་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། ས་གནས་ཆུ་སྒང་ཚོགས་པ་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གོ་སྒྲིག་གནང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད། མཛད་སྒོའི་ཐོག་ཕེབས་ཆིབས་བསྐྱངས་པའི་སྐུ་མགྲོན་གཞན་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་། དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་དང་། བཀའ་ཟུར་བློ་བཟང་སྙན་གྲགས། ཨ་རི་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་རིན་ཆེན་དར་ལོ། སྐུ་ཞབས་རོ་བྷཊ་ཐར་མན། ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ། ཧི་མ་ལཱ་ཡ་ཤར་པ་ཚོགས་པའི་ཚོགས་གཙོ། ཨ་རི་སྐུ་ཚབ་དོན་ཁང་གི་སྐུ་ཚབ་བསྟན་འཛིན་དབྱིག་གཉེན་བཅས་ཕེབས་འདུག
མཛོད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བ་དང་འབྲེལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་། ནིའུ་ཡོཀ་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་གསུང་བཤད། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ ཐོག་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་མང་ཚོགས་ལ་སྒྲོགས་སྦྱང་ཞུས་པ་དང་། རིམ་བཞིན་སྐུ་མགྲོན་རྣམ་པས་དུས་དྲན་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་།
ཤེས་རིག་བཀའ་བློན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་གཙོ་བཟུང་གིས་ཁ་ཡོད་ལག་ཡོད་གནས་སྟངས་རྟོགས་པའི་ཐོག་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ཆིག་སྒྲིལ་ངང་ཆབ་སྲིད་ཀྱི་གདོང་ལེན་དགོས་པ་དང། སྒོས་སུ་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་ཤར་བསྐྱོད་ཐུབ་པ་དང་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་གནང་བཞིན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་ནང་དོན་སྙིང་པོ་མང་ཚོགས་ལ་གསལ་འགྲེལ་གནང། དེ་དང་ཆབས་ཅིག་མི་རིགས་ཀྱི་ལ་རྒྱ་སྐད་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་བོད་མིའི་ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དགོས་པ་དང་། ལྷག་དོན་དུ་མ་འོངས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན་ད་ལྟའི་བྱིས་པ་རྣམས་ལ་རག་ལུས་པར་བརྟེན། རྒན་གཞོན་ཚང་མས་ཤེས་ཡོན་ཐོག་དམིགས་བསལ་ཐུགས་ཁུར་བཞེས་དགོས་པའི་གསུང་བཤད་གནང་།
སྔ་དྲོའི་མཛད་སྒོ་གྲུབ་པ་དང་། ཕྱི་དྲོ་ཆུ་ཚོད་ ༧ ཐོག་ནིའུ་ཡོཀ་ཕུན་ཚོགས་སྡེ་བཞིའི་མི་མང་ཚོགས་ཁང་དུ་ཉེ་ཆར་ཨ་མདོ་རྔ་པར་རང་ལུས་མེར་སྲེག་གནང་མཁན་ནོར་ཕྱུག་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གནང་བའི་ཐོག་བཅར་ཏེ། དེ་གར་འདུ་འཛོམས་ཡོད་པའི་མི་མང་ཆིག་སྟོང་ཙམ་ལ་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྲིང་ཐུབ་ཐབས་ཤེས་ཡོན་ལ་རག་ལུས་པར་སོང་ཤེས་ཡོན་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་གཅིག་ཏུ་འབད་འབུངས་དགོས་གལ་དང་། ཤེས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལངས་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་དང་ནང་དོན་སྙིང་པོ་བཅས་ཀྱི་སྐོར་གསུང་བཤད་གནང་བ་དང་། བཀའ་ཤག་གི་ཆིག་སྒྲིལ་གོང་བུའི་སྲིད་བྱུས་ཐད་སྤྱི་སྒེར་ཚང་མས་ཉམས་ལེན་དང་། བོད་ནང་གི་བོད་མིའི་མངོན་འདོད་གཙོ་བཟུང་ཡིད་ལ་བཅངས་དགོས་པ། བོད་མི་རིགས་ཀྱི་ལར་ཞེན་ཡོད་པའི་བོད་མི་ཞིག་ངེས་པར་བྱེད་དགོས་པའི་གསུང་བཤད་གནང་མཐར་མང་ཚོགས་ནས་དོགས་དྲི་ཁག་ལ་གསལ་འགྲེལ་གནང་།
ཕྱི་ཚེས་ ༡༡ ཉིན་རྒྱབ་ཀ་ནེཀ་ཊི་ཀཊ་ཕྱོགས་ཕེབས་ཀྱིས་དེ་གར་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་དེ་གའི་མང་ཚོགས་ནས་ཤེས་རིག་བཀའ་བློན་མཆོག་ལ་དགའ་བསུའི་མཚམས་སྦྱོར་གྱིས་བྱིས་པ་རྣམས་ཀྱིས་བོད་ཀྱི་སྙན་ཚིག་སྒྲོག་སྦྱང་དང་གླུ་གཞས་བླངས། དེ་ག་ཀ་ནེཀ་ཊི་ཀཊ་ཀེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་ལས་བསྡོམས་སྙན་སེང་ཞུས་པ་དང་གསུམ་བཅུའི་དུས་དྲན་སྐབས་ས་གནས་རྫོང་དཔོན་ལས་ཁུངས་ནས་གསུམ་བཅུའི་ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོར་ངོས་འཛིན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱུང་བའི་ཕྱག་འཁྱེར་ཡང་སྤྱན་འབུལ་དང་མང་ཚོགས་ལ་གསལ་བསྒྲགས་གནང་།
དེ་བཞིན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་མང་ཚོགས་ལ་བླང་དོར་ལམ་སྟོན་གསུང་བཤད་དང་དེ་གའི་དྭང་བླངས་བོད་དགེ་རྣམས་ལ་ཨ་རི་དོན་གཅོད་ཁང་གིས་གནང་བའི་ལེགས་གསོལ་ཕྱག་འཁྱེར་བགོ་འགྲེམས་གནང་། མི་མང་ཚོགས་ཆེན་གྲུབ་མཚམས་དོགས་དྲི་ཁག་ལ་གསལ་བཤད་ཀྱིས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ། ཕྱི་ཚེས་ ༡༢ ཉིན་བཀའ་བློན་མཆོག་གི་ཨ་རི་དང་ཁེ་ན་ཌ་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཟིན་ཏེ་རྒྱ་གར་རྡ་རམ་ས་ལར་ཕྱིར་ཕེབས་གནང་ཡོད་པ་བཅས།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་ཕྱོགས་ཕེབས་གནང་སྟེ་ཤེས་རིག་དང་འབྲེལ་བའི་ལས་དོན་རྒྱ་ཆེ་སྤེལ་བ།
ཕྱི་མ།
༄༅།།མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ།།
Menu