ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར།

གསར་འཕྲིན།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཀ་སྦུག་གཏན་སློབ་དང་། ར་ཝང་ལ་གཏན་སློབ། སྒང་ཏོག་བཅས་ཀྱི་ཤེས་ཡོན་སྡེ་ཁག་བཅས་ལ་འཚམས་གཟིགས་གྲུབ་རྗེས། ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོའི་དུས་ཚོད་བདུན་པའི་ཐོག་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་ཡོད་པ་དང་། དེ་གའི་དགེ་ལས་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་གིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་སྔ་དྲོ་དུས་ཚོད་དགུ་པ་ནས་ཕྱི་དྲོ་དུས་ཚོད་གཉིས་པ་བར་ཤེས་ཡོན་སྡེ་ཚན་ཁག་ལ་གཟིགས་སྐོར་གནང་རྗེས། དགེ་ལས་སློབ་ཕྲུག་དང་། ཕ་མའི་ལྷན་ཚོགས་བཅས་ལ་བཀའ་སློབ་སྩལ་དོན།
སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་འདི་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཡུལ་གྱི་གཞི་རིམ་སློབ་གྲྭ་ཞིག་ཆགས་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་ནང་བསམ་བློའི་རང་དབང་སྐོར་བཤད་ཡོད།  སློབ་ཕྲུག་ཚོར་དྲི་བ་འདྲི་སྐབས་འཚེར་སྣང་མེད་པའི་ཐོག་དྲི་བར་ལན་འདེབས་བྱེད་ཀྱི་འདུག་པས། འདིར་བསམ་བློའི་རང་དབང་ཤུགས་ཆེན་པོ་ཡོད་པ་མཚོན་ཐུབ། དེ་བཞིན་སློབ་ཕྲུག་གི་ཡིག་གཟུགས་དང་། ཉིན་ཐོ། རྩོམ་ཐུང་སོགས་ལ་ལྟ་དུས་དཔེ་མི་སྲིད་པའི་ཡག་པོ་འདུག ད་ལྟ་བོད་ཡིག་གིས་གཙོས་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་བསྡད་པ་འདི་མུ་མཐུད་སྙུགས་བསྲིངས་ཏེ། འདི་ནས་སློབ་ཁོངས་གཞན་གྱི་འཛིན་རིམ་དྲུག་པ་དང་བདུན་པར་འཕོ་འགྱུར་སྐབས་ཀྱང་། གང་ཤེས་པ་དེ་བརྗེད་དུ་མ་བཅུག་པར་སྲ་ཇེ་བརྟན་དང་ཇེ་བཟང་དུ་གཏོང་རྒྱུ་གལ་ཆེན་པོ་དང་། ད་ལྟ་ཤེས་རིག་གིས་དམིགས་བསལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་སའི་དཔེ་སྟོན་སློབ་གྲྭ་ལྟར། སློབ་གྲྭ་གཞན་དག་ལའང་དགོས་པའི་དམིགས་ཡུལ་ཞིག་ཟིན་ཡོད། དེ་གང་ཡིན་ཞེ་ན། འདི་ནས་ཁྱེད་ཚོས་དཀའ་ལས་ཤིག་བརྒྱབ། སློབ་ཁོངས་གཞན་དུ་སླེབས་ཚེ་རྣམ་པ་གཞན་ཞིག་ཆགས་ན། དཀའ་ལས་བརྒྱབ་པ་དེར་དགོས་པ་མ་མངོན་པ་རེད། ཤེས་ཡོན་སྲིད་བྱུས་ལ་རྩ་བའི་འགྲེལ་བཤད་རྒྱས་པ་ཡོད་ཀྱང་། མདོར་དྲིལ་ན་རང་གི་སྐད་ཡིག་གིས་གཙོས་བོད་མིའི་དགོས་མཁོ་དང་། ཡ་རབས་བཟང་སྤྱོད། རིག་གཞུང་སྲུང་སྐྱོབ་རྣམས་གཞི་རྩར་བཞག་ནས་དེ་ཐོག་དེང་དུས་རིག་གསར་ཤེས་ཡོན་གྱི་མཁྱེན་རྒྱ་ཡོད་པའི་འདབ་གཤོག་གཉིས་ལྡན་ཞིག་བྱ་དགོས་པ་དེ་ཡིན་པ་དང་། དེ་ལྟར་སློབ་སྦྱོང་ཚད་མཐོན་པོ་ཞིག་བྱུང་ཚེ་སྤྱི་བ་དང་། རང་ཉིད་ཀྱི་འཚོ་གནས། ཕ་མར་རོགས་རམ། རྒྱ་ཆེ་ས་ནས་མི་རིགས་ལ་ཕན་ཐོགས་ཐུབ།  མདོ་དོན་སྒྲིག་ལམ་དང་། ཀུན་སྤྱོད། སློབ་སྦྱོང་། གཙང་སྦྲ་བཞི་དེ་ཤིན་ཏུ་གལ་ཆེ་ཤོས་དང་།  སློབ་ཕྲུག་ཆུང་བ་ཚོས་འཛིན་གྲྭ་གོང་མའི་བྱ་སྤྱོད་ལ་མིག་དཔེ་ལྟ་བཞིན་ཡོད་པས། འཛིན་གྲྭ་གོང་མ་དག་གིས་སློབ་སྦྱོང་དང་བྱ་སྤྱོད་གཉིས་ཐད་ནས་འཛིན་གྲྭ་འོག་མ་དག་ལ་དཔེ་སྟོན་ལེགས་པོ་ཞིག་བྱ་དགོས་སྐོར་སོགས་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།
མཇུག་མཐར་དགེ་ལས་ཚོར་ཟུར་དུ་ངོ་ཐུག་གིས་བཀའ་སློབ་ལམ་སྟོན་དང་། ཤེས་ཡོན་དང་བདེ་སྡུག་གི་ཐད་སོ་སོར་དྲི་བ་དྲིས་ལན་སོགས་ལེགས་པར་གྲུབ་རྗེས། ཉིན་རྒྱབ་རྡོར་གླིང་དོན་གཅོད་ཀྱིས་ཕེབས་བསུ་དང་བཅས་རྡོ་རྗེ་གླིང་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་རྡོར་གླིང་གཏན་སློབ་དང་སོ་ནཱ་མདའ་གཏན་སློབ་གཉིས་ལ་གཟིགས་སྐོར་གྲུབ་མཚམས་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་བོད་དགེ་རྡོ་རྗེ་རིན་ཆེན།

སྔོན་མ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དགུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
ཕྱི་མ།
ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཇུག་བསྒྲིལ་བ།
Menu