ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་༨ ཚེས་ ༢༡ ཉིན། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང། དེ་རྗེས་མོན་གྷོ་གཏན་སློབ་ཏུ་འཚམས་གཟིགས་ཕེབས་སྐབས་སློབ་སྤྱིའི་ལས་ཚབ་འབུམ་རམས་པ་ལྷག་པ་ཆོས་སྒྲོན་ལགས་དང་། དགེ་ཆེ། དེ་བཞིན་དགེ་ལས་ཡོངས་ཀྱིས་ཕེབས་བསུ་ཞུས་ཏེ་སློབ་གྲྭའི་ཚོགས་ཁང་ནང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་སྤྱི་ལས་ཚབ་ནས་ཕེབས་བསུའི་གསུང་བཤད་དང་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་རྟགས་གསལ་བཏང་།
དེའི་རྗེས་བཀའ་བློན་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་སྤུས་ཚད་ཡག་པོ་ཡོང་བར་བསྒྲུབ་བྱ་གཙོ་བོ་བཞི་ནི་འཛིན་སྐྱོང་དང་དགེ་རྒན། ཕ་མ། སློབ་ཕྲུག་བཅས་ཡིན་སྐོར་དང་། སློབ་ཕྲུག་རྣམས་ནས་དགེ་བ་བཅུ་ཉམས་སུ་ལེན་དགོས་གལ་དང་ཤེས་རིག་ལས་ཁུངས་ཀྱི་མཐོ་རིམ་སློབ་ཡོན་སོགས་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས།
བཀའ་བློན་མཆོག་རྒྱ་གར་དགེ་ལས་རྣམས་དང་ལྷན་ཚོགས་གནང་འདུག་པ་མ་ཟད། འཛིན་ཁང་དང་ཉལ་ཁང་། ཐབ་ཚང་བཅས་ལ་གཟིགས་ཞིབ་དང་། དེ་བཞིན་ཉེ་ཆར་བོད་སློབ་འཛིན་ཚོགས་ནས་རྩིས་སྤྲོད་གནང་བའི་ཡན་ལག་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་གྲུབ་བསྟུན་གཞིས་ཆགས་ཀྱི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི། ལས་བྱེད་ལྷན་བཞུགས་མོལ་ཚོགས་འདུ་དང་གཞིས་མི་རྣམས་ལ་གསུང་བཤད་གནང་ཡོད་འདུག དེ་རྗེས་ཧུན་སུར་དང་སྦེལ་ཀོབ། ཀོ་ལི་གྷལ་བཅས་སུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
རྩིས་བླངས་ཟིན་པའི་སློབ་གྲྭ་ཁག་ཅིག་ལ་ཤེས་རིག་དང་སམ་བྷོ་ཊ་བོད་སློབ་ཀྱི་སྐུ་ཚབ་ཀྱིས་འཚམས་གཟིགས་གནང་།
ཕྱི་མ།
བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།
Menu