ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་སཾ་བྷོ་ཊ་བོད་སློབ་ཚོགས་པས་རྩིས་ལེན་རྒྱུའི་སྐོར་གོ་བསྡུར་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ཉིན་གྱི་ཕྱེད་ཡོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་སཾ་བྷོ་ཊ་བོད་སློབ་ཚོགས་པས་རྩིས་ལེན་རྒྱུའི་སྐོར་གོ་བསྡུར་གནང་སླད་རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་ Ministry of Human Resource Development གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ནིལ་སྭ་རུབ་ Shri. Anil Swarup མཆོག་དང་།  བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སན་ཇེ་ཀུ་མཱར་ Sanjay Kumar ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་སྐབས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་རྡོ་རྗེ་ཚེ་རིང་ལགས། ཤེས་རིག་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་བཅས་ལྷན་བཅར་ཞུས་འདུག
སྐབས་དེར་སྐུ་ཞབས་ཨ་ནིལ་སྭ་རུབ་མཆོག་གིས་ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་གང་མགྱོགས་རྩིས་སྤྲོད་གནང་རྒྱུའི་ཁས་ལེན་གནང་འདུག   དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སན་ཇེ་ཀུ་མཱར་ལགས་ཀྱི་གོ་སྒྲིག་འོག་ཤེས་རིག་བཀའ་བློན་མཆོག་དང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་བཅས་ལྷན་འཛོམས་ཐོག་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཏེ་ཉེ་ལམ་བསྐྱར་ཞིབ་ཚོགས་ཆུང་རྣམས་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་སྤྲོད་བྱུང་བའི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་ཕེབས་པའི་སྙན་ཐོ་སྙན་སེང་དང་།  ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་རྩིས་སྤྲོད་གནང་རྒྱུ་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་བསྡུར་ལྷུག་པོ་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ཚེས་ ༡༨ ནས་བཟུང་རྒྱ་གར་དབུས་གཞུང་གིས་དབུས་བོད་སློབ་འཛིན་ཚོགས་ནས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་ཡོད།  དེ་ནས་བཟུང་ད་བར་སྔོན་འགྲོའི་སློབ་གྲྭ་སྡེ་ཚན་ ༣༣ དང་། དམའ་རིམ་སློབ་གྲྭ་དགུ།   འབྲིང་རིམ་སློབ་གྲྭ་ལྔ་བཅས་རྩིས་སྤྲོད་གནང་ཟིན།

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༨༢ སྐབས་གོ་བསྡུར་ཐག་གཅོད་བྱུང་དོན་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཡོངས་རྫོགས་རྩིས་སྤྲོད་མ་གནང་གོང་ད་བར་རྩིས་སྤྲོད་ཟིན་པའི་སློབ་གྲྭ་ཁག་གི་གནས་སྟངས་བསྐྱར་ཞིབ་གནང་རྒྱུའི་ཐག་གཅོད་ཡང་བྱུང་ཡོད།
གོང་གསལ་ཐག་གཅོད་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་རྒྱ་གར་དབུས་གཞུང་གི་བོད་སློབ་འཛིན་ཚོགས་ཟུང་འབྲེལ་ཐོག་བསྐྱར་ཞིབ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཨེ་ཨེ་སི་རཱ་ཝཏ་A.S. Rawat ལགས་རྣམ་གཉིས་སྦེལ་ཀོབ་དང་ཀོ་ལི་གྷལ་བཅས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་རྩིས་སྤྲོད་ཟིན་པ་རྣམས་ལ་བསྐྱར་ཞིབ་གནང་འདུག.
དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ནས་ ༡༩ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཊི་པྲི་ཏམ་ Mr. T. Pritam Singh ལགས་རྣམ་གཉིས་ཨོ་ལྡི་ཤ་ཉིན་སློབ་ཏུ་བསྐྱར་ཞིབ་གནང་ཡོད་པ་དང་།  ཕྱི་ཟླ་ ༤ ཚེས་ ༡༧ ནས་ ༢༡ བར་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་འབུམ་རམས་པ་རེ་ནུ་པནྟ་ Dr. Renu Pant ལགས་རྣམ་གཉིས་མོན་གྷོ་གཏན་སློབ་ཏུ་ཕེབས་ཡོད།
ད་ཆ་ཤེས་རིག་ལས་ཁུངས་ནས་ལྷག་བསྡད་སློབ་གྲྭ་ ༡༤ རྣམས་མགྱོགས་མྱུར་རྩིས་ལེན་ཐུབ་རྒྱུའི་རེ་བ་ཆེན་པོ་གནང་བཞིན་ཡོད་འདུག་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སློབ་ཡོན་གྱི་སྔོན་འགྲོའི་ཡིག་ཚད་ཀྱི་གྲུབ་འབྲས་རེའུ་མིག
ཕྱི་མ།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཤིས་ལོང་བོད་མིའི་གནས་སྡོད་སར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།
Menu