ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ཅོན་ཏ་ར་བོད་ཁྱིམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༣ ཉིན་གུང་ཆུ་ཚོད་ ༡༢།༡༥ ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཅོན་ཏ་ར་བོད་ཁྱིམ་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཁང་ཚན་དབར་གྱི་རྐང་བྲོ་གླུ་གཞས་ཀྱི་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད།

ཐོག་མར་སློབ་གྲྭ་གཟིགས་སྐོར་གྲུབ་རྗེས་མཛད་སྒོར་མཉམ་ཞུགས་གནང་བ་དང་། སྐབས་དེར་དམིགས་བསལ་སྐུ་མགྲོན་དུ་སློབ་གྲྭའི་སྦྱིན་བདག་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ཧེ་ཌི་མེ་ཡར་དང་ཕྱག་རོགས་རྣམ་པ། སྐུ་མགྲོན་དུ་ཅོན་ཏ་ར་བོད་ཁྱིམ་གྱི་སློབ་ཟུར་སྐྲན་ནད་སྨན་པ་དགྲ་འདུལ་ལགས། སྦིར་སྡེ་ནང་གསུམ་གྱི་ས་འཐུས་དང་། ས་གནས་འགོ་འཛིན། དྷ་ས་བོད་ཁྱིམ་གྱི་གཙོ་འཛིན་དང་ཉེ་འཁོར་བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། ཤེས་རིག་ནས་ཤེས་ཡོན་ཚན་པའི་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། སྨན་ཁང་དང་། སློབ་གྲྭ་གཞན་གྱི་འགན་འཛིན། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། སློབ་ཟུར་བཅས་ཚོགས་ཞུགས་གནང་འདུགཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་འཁྲབ་སྟོན་ནང་ཁྲི་རལ་དང་། ཁྲི་སྲོང་། སྲོང་བཙན། གཉའ་ཁྲི་ཁང་ཚན་བཅས་ཀྱི་སློབ་ཕྲུག་ཕོ་མོ་གྲངས་ ༣༧༨ ནས་མཉམ་གཞས་དང་། འཁྲབ་གཞས། ཟུང་གཞས་བཅས་ལེའུ་བཅུ་དྲུག་རིམ་པས་གཟིགས་འབུལ་ཞུས་ཡོད།

སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཟློས་དགེ་ནས་སློབ་མ་སོ་སོར་ནུས་པ་གང་ཡོད་ཤེས་སླད་སློབ་ཕྲུག་ཚང་མར་ཞབས་བྲོ་འཁྲབ་རྒྱུ་དང་གཞས་གཏོང་རྒྱུའི་གོ་སྐབས་སྐྲུན་རྒྱུ་གལ་ཆེ་བ་དང་། སློབ་ཕྲུག་ཚོར་དེང་དུས་དང་སྲོལ་རྒྱུན་ཤེས་ཡོན་གཉིས་ཀ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་༸གོང་ས་མཆོག་གི་སྐུ་དྲིན་ཁོ་ན་ཡིན་སྟབས། མགོན་པོ་གང་གི་བཀའ་བཞིན་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་དང་། མ་འོངས་འཛམ་གླིང་སྤྱི་དང་ཡང་སྒོས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུ་ཆོད་སེམས་ཡོད་དགོས། སློབ་སྦྱོང་བྱེད་སྐབས་སྐུ་ལས་བསྐྱོན་དགོས་པ་ལས་དུས་ནམ་ཡང་ཉོབ་སྣང་དང་སེམས་ཤུགས་ཆག་མི་ཉན་པ། དཔེར་ན། འཛམ་གླིང་ནང་སྐད་གྲགས་ཆེ་བའི་ (KFC) དང་། བྱིས་སྒྲུང་གྲགས་ཅན་ (Harry་potter) ལྟ་བུ་སེམས་ཤུགས་མ་ཆག་པར་སྐུ་ལས་བསྐྱོན་པའི་འབྲས་བུ་ཡིན་པའི་དཔེ་མཚོན་དང་བཅས་འགྲེལ་བརྗོད་གནང་ཡོད།གཞན་ཡང་སློབ་མའི་གནས་སྐབས་སུ་རྔན་པ་སོགས་ཟས་ཛ་རེ་ཛོ་རེ་ཕན་མེད་རིགས་གཏན་ནས་མ་མཆོད་པར་འཕྲོད་བསྟེན་ལ་ཐུགས་སྣང་གིས་གཟུགས་པོ་བདག་པོ་ཡག་པོ་རྒྱག་དགོས་པ། སྔོན་འགྲོ་ནས་འཛིན་རིམ་བདུན་པ་བར་གྱི་དགེ་ལས་རྣམ་པ་རྨང་གཞི་ཤེས་ཡོན་ཡར་རྒྱས་ཐད་འགན་འཁྲི་ཆེ་ཞིང་། དགེ་རྒན་ནི་སྤྱི་ཚོགས་སྣེ་ཁྲིད་ཡིན་པར་སོང་སློབ་མ་རྣམས་ཤེས་ཡོན་ལ་དོ་དབྱིངས་ཡོད་པ་བཟོ་དགོས་པ་དང་། དགེ་ལས་ནས་མུ་མཐུད་སྐུ་ལས་བསྐྱོན་གནང་ཡོང་བ་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས། །

སྔོན་མ།
སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་བཤད་རྩལ་སྐོར་ཟབ་སྦྱོང་གནང་བ།
Menu