ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་བཅས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྐབས་དེ་གའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། སཾ་བྷོ་ཊ་སློབ་གྲྭའི་དགེ་ཆེ། ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། སློབ་ཕྲུག མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སཾ་བྷོ་ཊའི་བུ་བཅོལ་ཁང་དང་། སྔོན་འགྲོའི་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་མཉམ་འབྲེལ་ལས་ཁུངས་སོགས་སུ་འཚམས་གཟིགས་ལ་ཕེབས་ཡོད།

ཕྱི་ཟླ་ ༤ ཚེས་ ༡ སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་། སྔ་དྲོའི་འདུ་འཛོམས་སར་སློབ་གྲྭའི་དགེ་ཆེས་སློབ་གྲྭའི་ལས་བསྡོམས་སྙན་སེང་ཞུས་རྗེས། སློབ་མ་རྣམས་ཀྱིས་སྙན་ཚིག་སྒྲོགས་སྦྱང་དང་། རིགས་ལམ་རྟགས་གསལ། གཞས་སྣ་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས། དེ་རྗེས་སློབ་གྲྭའི་འཛིན་ཁང་དང་ཁོར་ཡུག ལས་ཤག་བཅས་ལ་གཟིགས་ཞིབ་གནང་།

ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་དང་། དགེ་ལས། ཕ་མའི་སྡེ་ཚན་སོ་སོར་གསུང་བཤད་གནང་བའི་ནང་། སློབ་མ་རྣམས་ནས་སློབ་སྦྱོང་ཐོག་སྔར་ལྷག་འབད་འབུངས་གནང་དགོས་སྐོར་དང་། འཕྲོད་བསྟེན་དང་ཟས་བཅུད་བསྟེན་ཕྱོགས། ཡ་རབས་བཟང་སྤྱོད་དང་ལྡན་ཞིང་ཕན་ཚུན་འཆམ་མཐུན་ངང་གནས་དགོས་སོགས་དང་། དེ་བཞིན་དགེ་ལས་དང་ཕ་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མ་འོངས་སོན་རྩ་བུ་ཕྲུག་རྣམས་ཀྱི་ཕྱི་ནང་གི་ཤེས་ཡོན་སྤྱི་དང་། ཡང་སྒོས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་ཆགས་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་འགངས་ཆེ་བ་སོགས་ཀྱི་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་མེའོ་ཆོས་འཕེལ་གླིང་ས་གནས་མང་ཚོགས་ལ་བླང་དོར་གསུང་བཤད་གནང་བ་དང་། དེ་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་། དེ་ནས་རིམ་པས་བོད་མིའི་འདུ་སྡོད་གཞིས་ཆགས་ཏི་ཛུ་དར་རྒྱས་གླིང་དང་། ཤེས་ལོངས། བསྟན་འཛིན་སྒང་བཅས་སུ་འཚམས་གཟིགས་གནང་གཏན་འཁེལ་ཡོད་པ་བཅས། །

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་འགུལ་བརྙན་གསར་པ་གསུམ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་བྱང་ཤར་ཤི་ལོང་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
Menu