ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་༢༠༢༢ཟླ་བ་༠༦ཚེས་༡༡ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་སློབ་གྲྭའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སློབ་གཉེར་བ་ཞིག་ནས་རང་རྩོམ་སྙན་ཚིག་གྱེར་འདོན་དང་། དེ་རྗེས་སློབ་ཕྲུག་ཁག་གཅིག་ནས་རྐྱང་གཞས་གཟིགས་འབུལ་ཞུས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས་ཁོང་རང་ཉིད་ནས་དེ་སྔ་སློབ་གྲྭ་ཁག་ཏུ་དགེ་རྒན་ཡུན་རིང་གནང་ཡོད་སྟབས་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ད་ལྟའི་ཆར་བོད་སློབ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་དུས་སྐབས་སུ་གོ་པལ་པུར་བོད་ཁྱིམ་ནས་ད་ལོ་སློབ་ཕྲུག་༧༥སློབ་མཐར་སོན་བཞིན་ཡོད་པ་ནི་གཟི་བརྗིད་རེད་ཅེས་དང་། སློབ་མཐར་སོན་པའི་སློབ་ཕྲུག་རྣམ་པ་ཚོ་སློབ་གྲྭའི་ཁོར་ཡུག་ནས་ཐོན་རྗེས་ཁོར་ཡུག་གཞན་ཞིག་ཏུ་ཕེབས་ཀྱི་ཡོད། སློབ་གྲྭའི་ཕྱི་ལོགས་ཀྱི་འཛམ་བུ་གླིང་ནང་གདོན་ལེན་བྱ་དགོས་པ་མང་པོ་ཡོད། ཤེས་རིག་ལས་ཁུངས་ཀྱིས་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་ཚོར་དམིགས་ཏེ་རྒྱུས་མངའ་ལམ་སྟོན་གྱི་དེབ་ཆུང་ཞིག་འདོན་གྱི་ཡོད། དེབ་དེ་སློབ་གྲྭའི་ནང་དུ་དགེ་རྒན་གྱིས་སློབ་ཚན་ཞིག་འཁྲིད་ནས་ཡིག་ཚད་གཏོང་གི་ཡོད་ཅིང་། སློབ་གྲྭ་ཐོན་པའི་རྗེས་སུ་ཡིག་ཚད་ཅིག་བཏང་། དཀའ་ངལ་ཞིག་འཕྲད་པའི་རྗེས་བློ་བསྐྱེད་ཅིག་རག་གི་ཡོད་སྐོར་བཀོད་ཡོད་ཅེས་གསུངས་ཡོད། གཞན་ཡང་བཀའ་བློན་མཆོག་གིས་སློབ་ཐོན་པ་རྣམས་ནས་རང་ཉིད་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམ་སྐབས་མི་རིགས་སྣ་ཚོགས་ཀྱི་སློབ་ཕྲུག་དང་འབྲེལ་འདྲིས་བྱ་དགོས་པ་གལ་གནད་ཆེན་པོ་ཡིན་ཞིང་། དེ་ལྟར་གནང་ན་མི་རིགས་གཞན་གྱི་སློབ་ཕྲུག་ཚོར་བོད་དོན་སྐོར་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། རང་ཉིད་ཀྱི་སྐད་ཡིག་གི་ཆུ་ཚད་ཀྱང་མཐོ་རུ་འགྲོ་ངེས་པ་གསུངས།

ཕྱོགས་མཚུངས་བཀའ་བློན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ་གཞིས་ཆགས་དང་སློབ་གྲྭ་ལོགས་སུ་བཙུགས་གནང་མཛད་ཡོད། སྔ་མོ་མཚམས་རེར་བོད་གཞུང་སློབ་གྲྭར་འགྲིམ་མཁན་གྱི་སློབ་ཕྲུག་རྣམས་ཨིན་ཇིའི་སློབ་གྲྭར་འགྲོ་མཁན་གྱིི་མདུན་དུ་གཉའ་དམའ་བོ་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་བསམ་བློ་ཡག་པོ་བཏང་ན། ༧རྒྱལ་བ་རིན་པོ་ཆེས་བཙུགས་གནང་བའི་བོད་གཞུང་སློབ་གྲྭ་དེ་དག་ནས་ཐོན་པའི་སློབ་ཕྲུག་དེ་ཚོ་གང་ཅིའི་ཐད་ནས་ཆ་རྐྱེན་ཚང་བའི་ཐོག་ཕྱག་ལས་གནང་གི་འདུག་ཅེས་དང་། དེའི་དཔེ་མཚོན་དུ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་ཆེ་ཆུང་། སློབ་གྲྭ་ཁག་གི་སློབ་སྤྱི་སོགས་གཙོས་ལས་ཀྱི་སྣེ་མོ་བ་རྣམས་བཀོད་གནང་སོང་། བཀའ་བློན་མཆོག་གིས་མུ་མཐུད་གསུང་དོན། བོད་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་གཅེས་འཛིན་གནང་བའི་ཐོག་དེང་རབས་ཀྱི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་པའི་སྐོར་དང་། མཐོ་སློབ་ཏུ་རང་ཉིད་ཀྱི་འདོད་མོས་དང་ནུས་པ་ལ་གཞིགས་ནས་སློབ་ཚན་འདེམས་དགོས་སྐོར། སློབ་སྦྱོང་བྱས་པ་དེ་སྤྱི་ཚོགས་ནང་ཕན་ཐོགས་པ་ཞིག་དགོས་གལ་ཆེ་བ་སོགས་ཀྱི་སྐོར་ལམ་སྟོན་ཞིབ་ཕྲ་གནང་སོང་།

སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཆེད་དུ་དམིགས་ནས་བཀའ་བློན་མཆོག་གིས། ལས་ཀ་བྱེད་པའི་སྐབས་སུ་སྐྱོན་བརྗོད་བྱེད་མཁན་འབྱུང་ངེས་པ་དང་སྐབས་དེར་སེམས་ཤུགས་ཆགས་མི་ཉན་པ་དང་། རང་ཉིད་ནས་དགེ་རྒན་གྱི་ཆེད་ལས་དེ་བཞིན་རྩ་ཆེན་པོ་དང་འགན་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་གནང་དགོས་པ། དགེ་རྒན་བྱས་ནས་ཕྱུག་བདག་ཏུ་མི་འགྱུར་ནའང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་སྣ་མང་པོ་བསྐྲུན་ཐུབ་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།མཐར་ཤེས་རིག་བཀའ་བློན་མཆོག་གིས་དབུས་པའི་སློབ་གྲྭའི་ངེས་སྟོན་པ་དང་དགེ་རྒན་རྣམ་པ། དེ་བཞིན་མཐར་སོན་སློབ་གཉེར་བ་བཅས་ལྷན་འཛོམས་ཀྱིས་སྐུ་པར་སྒྲོན་རྗེས་མཛད་སྒོ་ལེགས་པར་གྲོལ་ཞིང་། དེའི་རྗེས་བཀའ་བློན་མཆོག་ནས་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་སློབ་གྲྭའི་ནང་དེང་རབས་འཕྲུལ་ཆས་ལྡན་པའི་འཛིན་གྲྭ་(smart class)གསར་རྒྱག་གི་ལས་གཞི་ལེགས་གྲུབ་བྱུང་བར་གཟིགས་ཞིབ་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་བ།
ཕྱི་མ།
༢༠༢༢ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu