ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གངས་སྐྱིད་མེ་ཏོག་བུ་བཅོལ་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་གངས་སྐྱིད་མེ་ཏོག་བུ་བཅོལ་ཁང་གསར་རྒྱག་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས། ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས།        ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས།     དེ་བཞིན་ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་ཕྲུ་གུའི་ཕ་མ་སོགས་ཕེབས་ཡོད།

དེ་ཡང་ཐོག་མར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་རྗེས་མེ་ཏོག་བུ་བཅོལ་ཁང་གི་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བློ་ལྡན་ལགས་ཀྱིས་བུ་བཅོལ་ཁང་གི་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་མཚམས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བུ་བཅོལ་ཁང་གི་ལས་གཞི་དང་འབྲེལ་བའི་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང་བ་དང་འབྲེལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བུ་བཅོལ་ཁང་དུ་ཕྱག་ལས་དང་འགན་འཁུར་གནང་རྒྱུར་དཀའ་ལས་ཧ་ཅང་ཁག་པོ་ཡོད་ཀྱང་འབྲེལ་ཡོད་ཚང་མས་ཧུར་ཐག་གིས་ཕྱག་ལས་གནང་དགོས་པ་དང་། ལྷག་པར་ཕྲུ་གུའི་ཕ་མ་དང་དགེ་རྒན་རྣམ་པས་ཕྲུ་གུ་དང་མཉམ་དུ་བཀའ་མོལ་གནང་སྐབས་གང་གཟབ་གཟབ་གནང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད།

གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་ཕྲུ་གུའི་ལུས་སེམས་ཀྱི་འཕྲོད་བསྟེན་དང་འཚར་ལོངས་ལེགས་པོ་ཡོང་བར་ཕྲུ་གུ་རྣམས་ལ་བཅུད་ལྡན་སྔོ་ཚལ་གྱི་ཟས་རིགས་མང་ཙམ་གནང་དགོས་པ་དང་། ཕྲུ་གུ་རྣམས་ལ་ཉེས་པ་གཏོང་རྒྱུ་མེད་པ། ཡ་རབས་བཟང་སྤྱོད་བསླབ་དགོས་པ། དེ་བཞིན་ཕ་མའི་ངོས་ནས་ཕྲུ་གུ་དང་མཉམ་དུ་དུས་ཚོད་མང་ཙམ་བཏང་སྟེ་ཕྲུ་གུའི་དྲི་བ་རྣམས་ལ་ལན་རྒྱག་དགོས་པའི་གལ་གནད་དང་། ཕ་མ་ཚོས་ཕྲུ་གུའི་མདུན་དུ་འཁྲུག་པ་ནམ་ཡང་རྒྱག་རྒྱུ་མེད་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་བུ་བཅོལ་ཁང་གི་ཚོགས་མི་འཇིགས་མེད་ལགས་ཀྱིས་འབྲེལ་ཡོད་སྦྱིན་བདག་དང་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ཟབ་སྦྱོང་ཁག་གསུམ་དབུ་འབྱེད་ཞུས་པའི་གནས་ཚུལ་མདོར་བསྡུས།
ཕྱི་མ།
བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ཕོ་མོ་སོགས་ཀྱི་དབྱེན་འབྱེད་འགོག་ཐབས་དང་འབྲེལ་བའི་དྲ་ཐོག་ཟབ་སྦྱོང་གནང་བ།
Menu