ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་བྱང་ཤར་ཤི་ལོང་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

 

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༠༤ དང་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གཙོས་པའི་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། ཤེས་རིག་རྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་བཅས་ཤི་ལོང་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། དགའ་ལྡན་ཆོས་གླིང་དགོན་པའི་མཁན་རིན་པོ་ཆེ། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། ཡན་ལག་སྨན་རྩིས་ཁང་གི་སྨན་པ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

ས་གནས་སུ་ཕེབས་འབྱོར་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་གཙོས་པའི་སྐུ་ཚབ་ཚོགས་ཆུང་ས་གནས་འགོ་འཛིན་ལས་ཁུངས་དང་། ཡན་ལག་སྨན་རྩིས་ཁང་། དགའ་ལྡན་ཆོས་གླིང་དགོན་པར་གཟིགས་སྐོར་ལ་ཕེབས་ཡོད།

ཕྱི་ཚེས་ ༠༥ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགེ་ལས་སློབ་ཕྲུག་དང་ཕ་མ་རྣམས་ལ་ཤེས་ཡོན་དང་བཟང་སྤྱོད་སྐོར་གསུང་བཤད་གནང་ཞིང་། བྱེ་བྲག་ཏུ་དགེ་རྒན་དང་ཕ་མ་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་སློབ་མ་རྣམས་ལ་མིག་དཔེ་བཟང་པོ་བསྟན་དགོས་པའི་ཁར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཇི་ཕེབས་ཉམས་ལེན་གནང་དགོས་པའི་རེ་སྐུལ་གནང་ཡོད། གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་གནང་ཡོད་པ་རེད།

གཞན་ཡང་བཀའ་བློན་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་མཇུག་མ་སྒྲིལ་གོང་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ས་གནས་མི་མང་ལ་གསུང་བཤད་གནང་སྐབས་རྒྱ་གར་གཞུང་དམངས་གཉིས་ནི་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་མི་ནང་ཁུལ་ཕན་ཚུལ་རྡོག་རྩ་ཆིག་སྒྲིལ་དགོས་གལ་ཆེ་བའི་སྐོར་དྲན་སྐུལ་གནང་ཡོད་པ་བཅས། །

སྔོན་མ།
ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་ལེགས་པར་གྲུབ་པ།
Menu