ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བྱང་ཕྱོགས་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ ༡༧ ནས་སྔོན་དགེ་ ༤༦ ལ་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཞིག་ཕུལ་ཡོད། ཐེངས་འདིའི་ཟབ་སྦྱོང་གི་མཐུན་སྦྱོར་བ་རྣམས་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པའམ་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་ཚེ་ལེགས་ལགས། ས་རཱ་མཐོ་སློབ་ཀྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་བཅས་ཡིན།

ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕེབས་ནས་བཀའ་སློབ་ལམ་སྟོན་གནང་ཡོད། དེ་ཡང་ཁོང་གིས། རང་ཉིད་ལ་མཚོན་ན། མི་ཚེ་ཧྲིལ་པོ་དགེ་རྒན་དང་སློབ་སྤྱིའི་ཐོག་སློབ་གྲྭའི་དཀྱིལ་འཁོར་ནང་འཚར་ལོངས་བྱས་ཡོད་སྟབས། སྔོན་འགྲོའི་དགེ་རྒན་རྣམས་དགེ་རྒན་ནང་ནས་གལ་ཆེ་ཤོས་སུ་ལྟ་ཡི་ཡོད་ལ། ཁྱེད་རང་ཚོས་ཀྱང་བསམ་བློ་དེ་བཞིན་བཏང་ནས་སྐུ་ལས་བསྐྱོན་དགོས། ཞེས་སོགས་གསུངས་ཡོད།

ད་ལན་ཟབ་སྦྱོང་འདི་ཤེས་རིག་ལས་ཁུངས་ཀྱི་སྔོན་འགྲོའི་དགེ་རྒན་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་བ་ཐེངས་གསུམ་པ་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༡༩ ལོར་ལ་དྭགས་བོད་ཁྱིམ་ཁྱབ་ཁོངས་ཀྱི་སྔོན་དགེ་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་དང་པོ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ནང་རྒྱ་གར་ལྷོ་ཕྱོགས་དང་དབུས་ཕྱོགས་སུ་ཡོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ལ་དེ་ལྟའི་ཟབ་སྦྱོང་ཐེངས་གཉིས་པ་ཕུལ་ཡོད།

སྔོན་འགྲོའི་དགེ་རྒན་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་རྣམས་ཀྱི་སློབ་ཁྲིད་གནང་ཡུལ་ནི་ཕྲུ་གུ་ལོ་ན་གསུམ་ནས་ལྔ་བར་ཡིན་སྟབས། ཕྲུ་གུ་ཚོའི་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་ཐབས་ལ་ཕྲུ་གུའི་སྒོ་གསུམ་གྱི་སྤྱོད་པ་བཟང་པོ་དགོས་གལ་དང་། མ་འོངས་མི་ཚེའི་རྨང་གཞི་གཏིང་བའི་དུས་ཚོད་གལ་འགངས་ཆེན་པོ་ཞིག་ཡིན་པར་སོང་། སྔོན་དགེ་རྣམས་ལ་ཐབས་བྱུས་འདྲ་མིན་ངོ་སྤྲོད་དང་། དེ་བཞིན་དགེ་རྒན་རང་ཉིད་ཀྱི་ངོས་ནས་དུས་རྒྱུན་དུ་འཛིན་གྲྭའི་ནང་བྱམས་བརྩེ་ལྡན་པའི་ཁོར་ཡུག་ཇི་ལྟར་སྐྲུན་གྱི་ཡོོད་སྐོར་ཕན་ཚུན་བསམ་ཚུལ་བརྗེ་རེས་གནང་རྒྱུ་བཅས་ཡིན།

ཉིན་གྲངས་གསུམ་གྱི་ཟབ་སྦྱོང་གྱི་འགྲོ་གྲོན་ཡོངས་རྫོགས་ཝི་མ་ལ་ (VIMALA) ཚོགས་པ་ནས་མཐུན་འགྱུར་གནང་ཡོད།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་བཤད་རྩལ་སྐོར་ཟབ་སྦྱོང་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།
Menu