ཟླ་རེའི་གསར་འགྱུར།

ཤེས་རིག་བརྡ་ཆད་ཚན་པས་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཐ་སྙད་གོ་རྟོགས་སྤེལ་བ།

གསར་འཕྲིན།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པས་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་དུ་ཐ་སྙད་གོ་རྟོགས་ཀྱི་ལས་རིམ་ཞིག་སྤེལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བཙུན་དགོན་དགེ་ལྡན་ཆོས་གླིང་གི་ཚོགས་ཁང་དུ་དེ་གའི་བཙུན་མའི་འདུས་མང་ལ་བརྡ་ཆད་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་གློག་སྟོན་བརྙན་རིས་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་ཡོང་སླད། རིག་ཚན་འདྲ་མིན་གྱི་ཐ་སྙད་གསར་བཟོ་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། ཐ་སྙད་དེ་དག་ཐད་གཞི་རིམ་མང་ཚོགས་སྤྱི་དང་། ཡང་སྒོས་ཤེས་ཡོན་ལྟེ་གནས་ཀྱི་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ཁག གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་པ་སྒྲིག་འཛུགས་བཅས་ལ་གོ་རྟོགས་ཇི་སྤེལ། དེ་བཞིན་བརྡ་ཆད་ཚན་པས་དཔེ་དེབ་དཔར་སྐྲུན་དང་། དྲྭ་ཚིགས་དང་བཀོལ་སྤྱོད་མཉེན་ཆས་གསར་བཟོ། བོད་ཀྱི་བརྙན་འཕྲིན་བརྒྱུད་ཐ་སྙད་ངོ་སྤྲོད་ཞུས་པ་བཅས་ཀྱི་སྐོར་ངོ་སྤྲོད་གནང་གྲུབ་མཚམས་རྒྱུན་ལྡན་འཚོ་བའི་ཁྲོད་བོད་སྐད་གཙང་མ་བསྐྱོན་རྒྱུའི་འབོད་སྐུལ་གནང་ཡོད།

མཇུག་ཏུ་བཙུན་མ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་དང་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་དང་གོ་བསྡུར་ལྷུག་པོ་བྱུང་ཡོད།

སྤྱིར་འདས་པའི་ཟླ་ཤས་གོང་བཞུགས་སྒར་དྷ་ས་ཁུལ་དུ་ཆགས་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་བཅས་སུ་ཐ་སྙད་གོ་རྟོགས་ཀྱང་སྤེལ་ཐུབ་པ་བྱུང་ཡོད། །

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་ཁག་གི་སློབ་སྤྱི་རྣམས་ལ་ཤེས་ཡོན་བརྗེ་ལེན་གྱི་གཟིགས་སྐོར་གོ་སྒྲིག་ཞུས་པ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
Menu