ཟླ་རེའི་གསར་འགྱུར།

ཤེས་རིག་ཟབ་སྦྱོང་ཁག་གསུམ་དབུ་འབྱེད་ཞུས་པའི་གནས་ཚུལ་མདོར་བསྡུས།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་དཔེ་ཐུབ་ཁང་ཚན་གཉིས་ཟུང་འབྲེལ་ཐོག་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བཅས་ཀྱི་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་། སེ་ལ་ཀུའི་བོད་ཁྱིམ་དང་དཔེ་སྟོན་སློབ་གྲྭ མ་སུ་རི་སཾ་བྷོ་ཊ་བཅས་ཀྱི་སློབ་ཁག་གསུམ་གྱི་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་བཅས་ཟབ་སྦྱོང་ཁག་གསུམ་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་དབུ་འཛུགས་གནང་། གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་ནང་དགེ་རྒན་གྲངས་ ༢༡ དང་། གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་ནང་དགེ་རྒན་གྲངས་ ༡༨། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་ནང་སློབ་ཕྲུག་ ༤༢ ནས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདི་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༥ ནས་ ༡༨ བར་ཉིན་གྲངས་ ༡༤ རིང་འཚོགས་གཏན་འཁེལ་ཡོད།

ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་ཁག་གསུམ་གྱི་གལ་གནད་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༢༣ སློབ་དུས་ནས་འཛིན་རིམ་དྲུག་པར་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་ལག་བསྟར་གནང་རྒྱུ་དང་། ལག་བསྟར་སྐབས་དགེ་རྒན་རྣམས་ལ་བོད་ཀྱི་སྐད་ཡིག་གི་ཐོག་ནས་དཀའ་ངལ་མི་འཕྲད་སླད་དགེ་རྒན་གྱི་བོད་ཡིག་གནས་ཚད་གོང་མཐོར་གཏོང་རྒྱུར་དམིགས་པ་དང་། དེ་བཞིན་གཞི་རིམ་འོག་མའི་སློབ་ཚན་རྣམས་ཀྱང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་གི་ཡོད་སྟབས། གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་གནས་ཚད་དུས་ནས་དུས་སུ་གོང་མཐོར་གཏོང་རྒྱུར་གལ་ཆེ་བར་དམིགས་པ་ཡིན། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་ནི་དྲག་འདེམས་བྱས་པའི་སློབ་ཕྲུག་རྣམས་ལ་རིགས་ལམ་ཟབ་ཁྲིད་གོ་སྒྲིག་ཞུས་ཏེ། རྗེས་སུ་སློབ་ཕྲུག་དེ་དག་གིས་སློབ་གྲྭ་སོ་སོའི་སློབ་ཕྲུག་གསར་པ་རྣམས་ལ་རིགས་ལམ་གྱི་རྨང་གཞི་སློབ་སྟོན་གྱིས་ལྟ་གྲུབ་དགེ་རྒན་རྣམས་ལ་གཞོགས་འདེགས་ཞུ་རྒྱུར་རེ་བ་བྱེད་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང་།

དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་ནས་སྤྱིར་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་ཤེས་ཡོན་གྱི་ལས་འཆར་སྤྱི་དང་། ལྷག་པར་དུ་རིགས་ལམ་གྱི་ལས་གཞི་འདི་ལྟ་བུར་གྲྭ་ཚང་གི་ངོས་ནས་མཐུན་འགྱུར་ཞུས་པའི་དགེ་བའི་རྩ་བ་ཇི་ཡོད་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་སྨོན་འདུན་དང་། སླད་མར་ཡང་གྲྭ་ཚང་གི་ངོས་ནས་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཐོག་ལ་མཐུན་འགྱུར་ཞུ་རྒྱུའི་ཐོག་འབད་བརྩོན་གང་ཡོང་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐོར་གསུངས། དེ་ནས་སྐུ་མགྲོན་གཙོ་བོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་ནང་པའི་ལྟ་གྲུབ་དང་རིགས་ལམ་ནི་གྲྭ་བཙུན་ཁོ་ནས་སྦྱོང་རྒྱུའི་སློབ་ཚན་ཞིག་མིན་པར་སེར་སྐྱ་ཚང་མས་དོན་གཉེར་བྱེད་དགོས་པའི་སློབ་ཚན་ཞིག་ཡིན་པ་༸རྒྱལ་བ་རིན་པོ་ཆེས་སྔ་རྗེས་བཀའ་སློབ་མང་པོ་ཕེབས་ཡོད་པས། སློབ་ཕྲུག་རྣམ་པས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་འབད་བརྩོན་ལེགས་པར་གནང་དགོས་པ་དང་། དགེ་རྒན་རྣམ་པའི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་ཡང་མ་འོངས་པའི་སློབ་ཕྲུག་མང་པོའི་མི་ཚེའི་མདུན་ལམ་དང་འབྲེལ་བ་ཆེ་བས་ཟབ་སྦྱོང་འདི་བརྒྱུད་སོ་སོའི་ཆེད་ལས་ཐོག་རྔོ་ཐོགས་པ་ཡོང་རྒྱུར་ཅི་ནས་འབད་བརྩོན་གནང་དགོས་པ་བཅས་ཀྱི་དབུ་འབྱེད་གསུང་བཤད་གནང་།

མཐར་ཤེས་རིག་ཤེས་ཡོན་འགན་འཛིན་ནས་སྐུ་མགྲོན་གཙོ་བོ་དང་། ལྷག་པར་དུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དབུས་པའི་འཛིན་སྐྱོང་ཕྱག་མཛོད་ཡོངས་ལ་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་སྔ་རྗེས་དུ་མར་ཕྱར་བ་གྲུ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཟབ་སྦྱོང་མཉམ་ཞུགས་པ་དགེ་རྒན་དང་སློབ་ཕྲུག་རྣམ་པར་ས་གནས་སུ་བདེ་འབྱོར་གྱིས་ཟབ་སྦྱོང་ནང་མཉམ་ཞུགས་ཐུབ་པར་ཐུགས་རྗེ་ཆེ་ཞུས་ཏེ། དབུ་འབྱེད་ཀྱི་ལས་རིམ་མཇུག་བསྒྲིལ།

འདི་ག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དཔེ་ཐུབ་ཁང་ཚན་ཟུང་འབྲེལ་གྱིས་ལོ་ལྟར་ལ་དྭགས་ཁུལ་གྱི་སློབ་ཁག་གི་སློབ་ཕྲུག་མང་པོར་དགུན་དུས་སུ་ཟླ་བ་གཅིག་རིང་བོད་ཀྱི་ཆོས་དང་རིག་གཞུང་གི་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་པ་ལྟར། འདི་ལོར་ཡང་སློབ་ཕྲུག་ལྔ་བཅུ་ལྷག་མོན་གྷོར་འབྱོར་ཡོད་པ་རྣམས་ཕྱི་ཚེས་༦ གི་དགོང་མོ་ཆུ་ཚོད་༧ ནས་༨།༣༠ བར་རང་རེའི་སློབ་ཕྲུག་རིགས་ལམ་ཟབ་སྦྱོང་བའི་ལྷན་དུ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་རྟགས་གསལ་གཏོང་བར་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་ཁང་དུ་ཚུར་ཕེབས་ཏེ། སློབ་ཕྲུག་ཕན་ཚུན་སྤྲོ་སྣང་ཆེན་པོས་སོ་སོའི་རིག་པ་སྦྱོང་རེས་ལེགས་པར་གནང་སྟབས། དེ་རིང་ཕྱི་ཚེས་༧ དགོང་མོར་རང་རེ་སློབ་ཕྲུག་རྣམས་དཔེ་ཐུབ་ཁང་ཚན་དུ་གདན་ཞུས་གནང་ཡོད་སྟབས་གོ་སྐབས་འདི་བརྒྱུད་སློབ་ཕྲུག་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བའི་རེ་བ་ཞུ་བཞིན་ཡོད། །

སྔོན་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༢༢ ལ་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གངས་སྐྱིད་མེ་ཏོག་བུ་བཅོལ་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།
Menu