ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེང་ལོར་ཁུལ་དུ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་སློབ་གྲྭའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སྟེ། ཕྱི་ཟླ་༡༢ ཚེས་༣༠ མཇུག་སྒྲིལ་གནང་།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༡ ནས་ ༣༠ བར་ཉིན་བཅུ་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་ཁྱོན་གྲངས་ ༥༣ ཙམ་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་ཡོད་པ་དང། ཟབ་སྦྱོང་བ་རྣམས་སྡེ་ཚན་གཉིས་སུ་ཆ་བགོས་ཀྱིས་ཁྱད་མཁས་པས་ཟབ་ཁྲིད་དང། ནང་ཁུལ་བསམ་ཚུལ་བརྗེ་རེས་བྱས་ཡོད། ཕྱི་ཚེས་ ༣༠ ཉིན་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི། བོད་མི་མང་སྤྱི་འཐུས་བུ་མོ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་བཅས་གནང་རྗེས། སྐུ་མགྲོན་གཙོ་བོས་ཟབ་སྦྱོང་བ་རྣམས་ལ་སློབ་ཕྲུག་གི་ཤེས་ཡོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཇི་ཡོད་སྐོར་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་།
དེ་བཞིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་ཟབ་ཁྲིད་པ་ལྕམ་སྐུ་མཁས་དབང་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས་ཀྱིས་ཀྱང་ཟབ་སྦྱོང་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ་དང། ཟབ་སྦྱོང་ཐོག་ཕེབས་པའི་སློབ་དགེ་རྣམས་ཀྱིས་ཟབ་སྦྱོང་འདི་བརྒྱུད་བྱིས་པར་སློབ་ཁྲིད་བྱེད་སྐབས་ཀྱི་དཀའ་ངལ་དེ་དག་ཇི་ལྟར་སེལ་དགོས་མིན་སོགས་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད།
ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༥ ལོའི་ནང་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་རིམ་བཞིན་གནང་འཆར་ཡོད་པ་དང། ད་བར་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་དགེ་རྒན་ཁྱོན་བསྡོམས་གྲངས་ ༧༠ ཙམ་ལ་ཟབ་སྦྱོང་ཐེངས་གསུམ་གནང་ཡོད་འདུག
ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ US AID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན

སྔོན་མ།
འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།
ཕྱི་མ།
བོད་རིགས་ཁྱིམ་ཚང་གཅིག་གིས་ཤེས་རིག་ལས་ཁུངས་ལ་སློབ་ཡོན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་བ།
Menu