ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༡  ཟླ་  ༡༠  ཚེས་  ༣༡  ནས་ཟླ་ ༡༡ ཚེས་ ༥ བར་ཉིན་གྲངས་དྲུག་རིང་ས་རཱ་མཐོ་སློབ་ཏུ་རྡ་སྟེང་བོད་ཁྱིམ་དང། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་སློབ་གྲྭ། བལ་ཡུལ་གངས་ཅན་བདེ་རྩའི་སློབ་གྲྭ་བཅས་ཀྱི་གཞི་རིམ་འོག་མའི་སློབ་དགེ་ཁྱོན་གྲངས་ ༢༦ ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
    ཟབ་སྦྱོང་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་ཤེས་ཡོན་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་དང། སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་ལ་ཏི་ཀ་རོ་ཡེ་དགེ་རྩ་ཚོགས་པ་(Latika Roy Foundation) ནས་ཆེད་མངགས་གདན་ཞུ་བྱས་པའི་ལྕམ་སྐུ་མན་ཇུ་སིངྒ་གྷ་ནི་ཡ་(Mrs. Manju Singhania)  རྣམ་གཉིས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་སློབ་གྲྭ་ཁག་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོའི་ལྟ་སྐྱོང་གནང་སྟངས་དང། ལྷག་པར་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་སློབ་ཕྲུག་དཀྱུས་མའི་མཉམ་ཤེས་ཡོན་སློབ་ཁྲིད་གཟིགས་སྐྱོང་གནང་སྟངས། དེ་བཞིན་སློབ་ཁྲིད་བྱེད་སྐབས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་འཕྲད་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སྐོར་གྱི་གོ་རྟོགས་སྤེལ་གཏན་འཁེལ་ཡོད།
    སྤྱིར་བཏང་ཤེས་རིག་ལས་ཁུངས་ནས་དགེ་རྒན་དང་སློབ་གྲྭའི་འགན་འཛིན་རྣམས་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་དུས་ནས་དུས་སུ་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་ལྟར། དགེ་རྒན་ཚོར་ཟབ་སྦྱོང་ཐེངས་དང་པོ་ཕྱི་ལོ་ ༢༠༠༥ ལོ་དང། ད་ལན་ཟབ་སྦྱོང་ཐེངས་གཉིས་པ་འདི་བཞིན་(DANIDA)རོགས་ཚོགས་ཀྱིས་རོགས་སྐྱོར་གནང་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
ཤེས་རིག་དཔར་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
ཕྱི་མ།
གཞི་རིམ་བར་མའི་སློབ་ཚན་ཁག་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཟབ་སྦྱོང་སྤྲད་པ།
Menu