ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བོད་མིའི་དམིགས་བསལ་ཤེས་ཡོན་སློབ་ཁྲིད་པའི་འབྲེལ་ལམ་ཚོགས་འདུ་གོ་སྒྲིག་གནང་བ།

གསར་འཕྲིན།

 

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༧ ནས་ ༢༨ བར་ཉིན་གྲངས་གཉིས་རིང་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་བོད་མིའི་དམིགས་བསལ་ཤེས་ཡོན་སློབ་ཁྲིད་པའི་འབྲེལ་ལམ་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཕན་བདེ་དགའ་ཚལ་ལམ་ཀ་རུ་ན་ཁྱིམ་ཚང་གསར་འཛུགས་གནང་མཁན་ཁུ་བུད་རིན་པོ་ཆེ་ལགས་དང་། སྙིང་སྟོབས་གླིང་གསར་འཛུགས་གནང་མཁན་ངག་དབང་ལྷ་མོ་ལགས། བོད་མིའི་ནུས་གསོ་ལྟེ་གནས་ཁང་གསར་འཛུགས་གནང་མཁན་བདེ་ལེགས་དབང་མོ་ལགས། དེ་བཞིན་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་དང་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་དམིགས་བསལ་སློབ་ཁྲིད་པ་དང་ལུས་ཁམས་བཅོས་ཐབས་པ་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་སློབ་ཁྲིད་གནང་མཁན་དང་ཚོགས་པ་ཁག་ནུས་སྟོབས་གོང་འཕེལ་གཏོང་སླད་ཡིན་ཞིང་། ཚོགས་འདུའི་ཐོག་ཁུ་བུད་རིན་པོ་ཆེ་ལགས་ཀྱིས་སེམས་པ་བཟང་པོ་དང་གཞན་ཕན་གྱི་གལ་གནད་སྐོར་དང་། བདེ་ལེགས་དབང་མོ་ལགས་ཀྱིས་མིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་ཚོགས་བཅར་བ་ཡོངས་རཱཇ་པུར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་མིག་ཤེས་ནུས་སྟོབས་གོང་འཕེལ་བསྟི་གནས་ཁང་ (National Institute for the Empowerment of persons with visual disabilities) དུ་གཟིགས་སྐོར་ཕེབས་ཡོད།

ཚོགས་འདུའི་སྐབས་ཚོགས་བཅར་བ་ཡོངས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་བརྗེ་ལེན་གནང་བ་དང་། ཨ་རིའི་རོགས་ཚོགས་ (PRM) ནས་འགྲོ་གྲོན་གྱི་མཐུན་འགྱུར་གནང་བར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སྦེལ་ཀོབ་ཏུ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
དམིགས་བསལ་རྩོམ་འབྲིའི་གསལ་བསྒྲགས།
Menu