ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་སློབ་མ་རྣམས་ལ་ཚན་རྩིས་འཕྲུལ་གསུམ་གྱི་ཤེས་ཡོན་ལྟ་སྐོར་གོ་སྒྲིག་གནང་བ།

གསར་འཕྲིན།

 

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༥ ནས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་པ་ལམ་པུར་ཚན་རིག་བསྟི་གནས་ཁང་། ཇི་སི་ནེ་གི་མཐོ་སློབ་ (Dr GC Negi College of Veterinary and Animal Sciences) བཅས་མཉམ་སྦྲེལ་གྱིས་ཚན་རྩིས་འཕྲུལ་གསུམ་གྱི་ཤེས་ཡོན་ལྟ་སྐོར་ཞིག་གོ་སྒྲིག་གནང་བ་ལྟར་རྡ་ས་ཁུལ་གྱི་བོད་སློབ་ཁག་ལྔའི་སློབ་ཕྲུག་གྲངས་ ༡༠༧༧ དང་དགེ་རྒན་གྲངས་ ༦༥ མཉམ་ཞུགས་གནང་ཡོད།

ཤེས་ཡོན་ལྟ་སྐོར་ཐོག་མར་པ་ལམ་པུར་ཚན་རིག་བསྟི་གནས་ཁང་ནས་འགོ་འཛུགས་ཀྱིས་སློབ་ཕྲུག་རྣམས་ནས་ཚན་རིག་དང་འབྲེལ་བའི་ལས་གཞིར་མཉམ་ཞུགས་དང་། དེ་བཞིན་སྒྱུ་སྐར་འགྲེམས་སྟོན་དུ་ཆེད་བསྐྱོད་ཀྱིས་འཇིག་རྟེན་ཁམས་དང་གཟའ་འཁོར་སོགས་ཀྱི་སྐོར་རྒྱུས་ལོན་བྱས་པ་མ་ཟད། ཚན་རིག་དང་འབྲེལ་བའི་ཞིབ་འཇུག་ཁག་ལ་ལྟ་ཞིབ་བརྒྱུད་ཚན་རྩལ་རིག་པའི་གནས་ལ་སློབ་སྐྱེད་གསར་པ་གང་མང་ཐོབ་ཡོད།

དེ་རྗེས་སློབ་མ་རྣམས་པ་ལམ་པུར་དུ་རྟེན་གཞི་བྱས་པའི་ (DGCN COVAS) ལ་ཆེད་བསྐྱོད་ཀྱིས་སེམས་ཅན་ལ་ལྟ་སྐྱོང་དང་། ཁོར་ཡུག་དང་མཐུན་པའི་ཞིང་ལས། ཉ་རིགས་གསོ་སྐྱོང་ལ་དམིགས་ཏེ་སློབ་སྟོན་པས་རྒྱུན་གནས་ཞིང་ལས་དང་། སྒོ་ཕྱུགས་སྐྱེད་འཕེལ། ཁོར་ཡུག་སྲུང་སྐྱོབ། ཉ་རིགས་གཅེས་སྲུང་སོགས་ཀྱི་སྐོར་སློབ་ཁྲིད་གནང་ཞིང་། ལྟ་སྐོར་འདི་བརྒྱུད་སློབ་མ་རྣམས་ནས་ཞིང་ལས་དང་། ཁོར་ཡུག་རྒྱུན་གནས་སོགས་ཀྱི་སྐོར་རྒྱུས་ལོན་ཞུས་ཡོད།

ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ཉིན་མོ་དང་སྟབས་བསྟུན་སློབ་ཕྲུག་རྣམས་ནས་འདྲི་གླེང་འགྲན་སྡུར་ལ་མཉམ་ཞུགས་ཀྱིས་རིག་གཞུང་སྲུང་སྐྱོབ་ཐད་དོ་ཁུར་ཆེར་སྐྱེད་ཞུས་ཡོད་པ་རེད།

ཐེངས་འདིའི་ཚན་རྩིས་འཕྲུལ་གསུམ་གྱི་ཤེས་ཡོན་ལྟ་སྐོར་བརྒྱུད་སློབ་མ་རྣམས་ཀྱི་རྒྱུད་ལ་ཚན་རིག་ཤེས་བྱའི་གནས་ལ་ཤེས་འདོད་གོང་མཐོར་གཏང་ཐུབ་པ་མ་ཟད། ཚད་མཐོའི་ཚན་རིག་གི་དཀའ་གནད་མང་པོ་དངོས་མཐོང་ལག་ཟིན་དུ་གྱུར་ཞིང་། ཆེད་མཁས་པ་ལྷན་བགྲོ་གླེང་ཞུ་རྒྱུ་བྱུང་ཡོད་པ་བཅས།།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ

སྔོན་མ།
༢༠༢༤ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu