ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༤ ནས་ ༡༨ བར བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གོ་སྒྲིག་གནང་ཡོད་པ་རེད།

དེ་ཡང་ཟབ་སྦྱོང་ནང་སྔོན་འགྲོའི་དགེ་རྒན་བཅུ་བཞི་མཉམ་ཞུགས་ཀྱིས་ཁོང་རྣམས་ལ་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་ཁྲིད་གནང་ཕྱོགས་ཐད་ཟབ་ཁྲིད་གནང་ཡོད་ཅིང་། དེ་དང་ལྷན་དུ་ས་གནས་ཁག་གཅིག་གི་བུ་བཅོལ་ཁང་གི་མ་མ་རྣམས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། ཟབ་ཁྲིད་པ་རྣམས་ལ་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་ཟབ་ཁྲིད་པའི་ཟབ་སྦྱོང་ཐོབ་ཟིན་མཚམས་གཞིས་ཆགས་ཁག་གི་སློབ་སྟོན་པ་དང་བུ་བཅོལ་ཁང་གི་མ་མ་རྣམས་ལ་སློབ་ཁྲིད་གནང་རྒྱུ་དང་། ཁོང་རྣམས་ནས་སློབ་ཕྲུག་རྣམས་ལ་ལས་འགུལ་སྣ་ཚོགས་བརྒྱུད་ཟབ་ཁྲིད་གནང་སྟེ་བྱིས་པའི་སེམས་ཁམས་དང་། སྤྱི་ཚོགས་འབྲེལ་ལམ། ཚོར་སྣང་སྟངས་འཛིན། གཟུགས་པོའི་འཚར་ལོངས་ཡར་རྒྱས་སོགས་ལ་ཕན་ཐོགས་ངེས་རེད།

ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཚབ་དང་། དེ་བཞིན་སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ་དང་། སཾ་བྷོ་ཊ་སི་ཊི་པིའི་སློབ་སྤྱི་དང་དགེ་ཆེ་རྣམ་པ་སྐུ་མགྲོན་གྱི་རྣམ་པར་ལྷན་ཞུགས་གནང་ཡོད། སྐབས་དེར་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐད་ཀྱི་འབྲེལ་མཐུད་པ་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་གལ་གནད་ངོ་སྤྲོད་དང་། ནོར་གླིང་བུ་བཅོལ་ཁང་གི་འགན་འཛིན་ཟུར་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཉིན་ལྔའི་རིང་གི་ཟབ་ཁྲིད་འགྲེལ་འགྲེལ་བརྗོད་གནང་།

ཉིན་ལྔའི་ཟབ་ཁྲིད་ནང་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བརྗོད་གཞི་ཁག་གཅིག་ཐོག་ཟབ་ཁྲིད་གནང་རྒྱུ་དང་། དེའི་ཁོངས་སུ་བྱིས་པས་ཁོར་ཡུག་ལ་བརྟེན་ནས་གནས་ཚུལ་དང་ཚོར་སྣང་ལེན་ཐབས། ཚོར་སྣང་སྐྱེན་པའི་དུས་སྐབས། བུ་བཅོལ་ཁང་གི་མཐུན་རྐྱེན་དང་ལས་འགུལ། གླུ་གར། རྩེད་ཆས་བེད་སྤྱོད་གཏོང་ཕྱོགས་སོགས་འཚུད་ཡོད།

ཟབ་ཁྲིད་དེར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ལས་བསྟན་འཛིན་མཆོག་ལྡན་ལགས་དང་། ངག་དབང་ཆོས་ལྡན་ལགས་གཉིས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།

 

སྔོན་མ།
ཚན་རིག་ཤེས་ཡོན་འགན་འཛིན་གྱིས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་དུ་མཉམ་ཞུགས་གནང་བ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་བ།
Menu