ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་དགེའི་ཆེད་ལས་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་དགེའི་ཆེད་ལས་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་གནང་།

དེ་ཡང་ཟབ་སྦྱོང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཡིད་དགའ་ཆོས་གླིང་ཚོགས་ཁང་དུ་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་ ༣༠ བར་ཉིན་གྲངས་དགུའི་རིང་རྒྱ་གར་དབུས་ཁུལ་དང་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་དང་། བོད་ཁྱིམ། སེ་ར་སྨད་བཅས་ཀྱི་སློབ་གྲྭ་ཡི་སྔོན་འགྲོའི་དགེ་རྒན་གྲངས་ ༣༣ ལ་ཟབ་ཁྲིད་གནང་།

ཐེངས་འདིའི་ཟབ་སྦྱོང་ནི་ཤེས་རིག་ལས་ཁུངས་ནས་ལོ་ལྟར་སྔོན་འགྲོའི་དགེ་རྒན་རྣམས་ལ་སྦྱོང་བརྡར་སྤྲོད་བཞིན་པའི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཡོད། ཟབ་སྦྱོང་སྐབས་མོན་ཊེ་སོ་རིའི་ཤེས་ཡོན་དང་། རྣམ་བཞག ལག་བསྟར་དངོས། དེ་བཞིན་མིའི་འཚར་ལོངས་སྤྱི་དང་ལྷག་པར་བྱིས་པའི་ཀླད་པའི་འཚར་ལོངས། ཕྲུ་གུའི་ཕྱོགས་ཡོངས་ཀྱི་འཚར་ལོངས་དང་། སྤྱོད་ལམ་འཁྱེར་ཕྱོགས། མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཁོར་ཡུག་སྐྲུན་ཕྱོགས་སོགས་ཀྱི་སྐོར་ལ་སློབ་ཁྲིད་ལམ་སྟོན་གནང་ཡོད།

མོན་ཊེ་སོ་རིའི་སྔོན་འགྲོའི་ལམ་ལུགས་འདི་ནི་རྒྱལ་སྤྱིའི་ཐོག་ངོས་འཛིན་ཆེ་ཞིང་། ཟབ་སྦྱོང་གི་སློབ་ཁྲིད་གནང་མཁན་ཁྱད་སྟོན་མི་སྣ་ཨ་རིར་གནས་བཞུགས་ལྷ་མོ་སྤེན་པ་ལགས་ཡིན་པ་དང་། ཁོ་མོས་ལེགས་གསོལ་སོགས་གང་ཡང་མ་ཞུ་བར་ཟབ་ཁྲིད་གནང་བ་ཞིག་ཡིན་པ་བཅས།

སྔོན་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས།
ཕྱི་མ།
དྷ་ས་དང་མ་སུ་རི་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས།
Menu