ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༥ ནས་ ༢༩ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཞི་རིམ་བར་མ་འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། མཐའ་མའི་གཏན་འབེབས་ཚོགས་འདུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་གསར་པའི་ནང་དུ་ཚོགས་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ཕྱི་ལོ་ ༢༠༡༠ ལོར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཀའ་ཤག་གིས་གཏན་འབེབས་གནང་རྗེས། འདི་ག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་ཕྱི་ལོ་ ༢༠༡༡ ནས་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གསར་པ་རྩོམ་སྒྲིག་དང་གཏན་འབེབས་ཀྱི་གཞི་རིམ་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་པ་དང་། ད་བར་སློབ་གྲྭ་ཁག་ཅིག་ལས་ལག་བསྟར་ཞུས་མ་ཐུབ་ཀྱང་། ཐོག་མའི་དམིགས་ཡུལ་བཞིན་སློབ་དེབ་ལ་བསྐྱར་ཞིབ་དགོས་གལ་ཆེ་བར་གཟིགས་ནས་དེ་སྔོན་གྱི་སློབ་དེབ་བསྐྱར་ཞིབ་ཀྱིས་མཐའ་མའི་རགས་ཟིན་གྲུབ། གོང་ཚེས་ཉིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་མཐའ་མའི་རགས་ཟིན་སྟེང་གོ་བསྡུར་སྦྱངས་བཤད་བྱས་ཏེ།  སྣོན་འཕྲི་ཅི་དགོས་བྱས་ནས་མཐའ་མའི་གཏན་འབེབས་གནང་ཡོད།

ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་པ་སངས་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཚན་རྒན་བསྟན་འཛིན་དབང་ཕྱུག་ལགས་དང་རྒན་ལྷ་འཛོམས་ཚེ་རིང་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚན་རྒན་ངག་དབང་ཚེ་བརྟན་ལགས་དང་རྒན་བཀྲ་ཤིས་ལྷ་མོ་ལགས། སམ་བྷོ་ཊ་པོན་ཊ་སློབ་གྲྭའི་སྤྱི་ཚན་རྒན་བྱམས་པ་ལྷ་མོ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚན་རྒན་ཀུན་བཟང་རྡོ་རྗེ་ལགས། སྤྱི་ཚན་སློབ་དེབ་རྩོམ་སྒྲིག་པ་ཟུར་པའམ་འཇམ་དབྱངས་སློབ་སྟོན་ཞབས་ཞུ་ཁང་གི་འགན་འཛིན་བུ་དྷ་སྐྱབས་ལགས། གངས་སྐྱིད་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་བཀྲ་ཤིས་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།

སློབ་དེབ་པར་སྐྲུན་ཟིན་མཚམས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་ཌེ་ན་ཊ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་སྡེ་ཁག་གི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བ།
ཕྱི་མ།
ཤེས་རིག་དྲུང་ཆེས་སྣེ་ཁྲིད་པའི་ཚོགས་མི་རྣམས་ཀྱི་གཞུང་འབྲེལ་སློབ་ཁག་གི་གཟིགས་སྐོར་ལེགས་གྲུབ་བྱུང་བ།
Menu