ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་བཤད་རྩལ་སྐོར་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༣༠ ནས་ཟླ་བ ༠༦ ཚེས་ ༠༢ བར་ཉིན་གྲངས་བཞིའི་རིང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སྔོན་འགྲོའི་དགེ་རྒན་དང་མ་མ་རྣམས་ལ་མེག་གྷན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དུ་ཟློས་གར་དང་སྒྲུང་གཏམ་བཤད་རྩལ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་སློབ་སྟོན་པར་གཏམ་རྒྱུད་སྒྱུ་རྩལ་ཚོགས་པ་གསར་འཛུགས་གནང་མཁན་དང་རྒྱལ་ཡོངས་གཟེངས་རྟོགས་ཀྱིས་མངོན་པར་བརྒྱན་པའི་ཤེས་ཡོན་སློབ་གསོ་བ་དཱི་པ་བྷ་ལ་སུ་བྲ་མ་ནིན་ (Deepa Balasubramanian) ལགས་ཕེབས་ཡོད་པ་དང་། ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་ཞེས་པའི་ལས་གཞིའི་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་འདིའི་དགོས་དམིགས་འགྲེལ་བརྗོད་སྐྱོན་ཡོད། ཟབ་སྦྱོང་སྐབས་སློབ་སྟོན་པ་དཱི་པ་ལགས་ཀྱིས་སྒྲུང་གཏམ་བཤད་རྩལ་ཐབས་ལམ་འདྲ་མིན་སྐོར་དང་། སྒྲུང་གཏམ་འདེམས་སྟངས། སྒྲུང་ཤོད་སྟངས་ཀྱི་དཔེ་མཚོན་སོགས་བསྟན་ཏེ་མཉམ་ཞུགས་པ་རྣམས་ལ་སློབ་ཁྲིད་གནང་།

གཞན་ཡང་ཟབ་སྦྱོང་གི་སློབ་སྟོན་པ་ད་ལྟ་ཨ་རི་ནང་ཡོད་པའི་སྐུ་ཞབས་གོ་བིན་ལགས་ཀྱིས་དྲ་ཐོག་ནས་ཤོག་གཟུགས་བཟོ་བཀོད་ (Origami) སྐོར་དང་། མཻ་སོར་ནས་ཡིན་པའི་མཱི་ན་སྭཱ་རུབ་ལགས་ཀྱིས་ཕྲུ་གུས་ཕྲུ་གུའི་ཆེད་དེབ་བཟོ་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་སློབ་གྲྭ་ཁག་དགུ་དང་བུ་གསོ་ཁང་ཁག་བདུན་གྱི་དགེ་རྒན་དང་མ་མ་ཉི་ཤུ་རྩ་དྲུག་མཉམ་ཞུགས་གནང་ཡོད་པ་དང་། སྔ་ལོར་བརྗོད་གཞི་རང་འཇགས་ཐོག་དགེ་རྒན་ལྔ་བཅུར་ཟབ་སྦྱོང་ཕུལ་ཡོད་པས་ད་ལམ་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་སྔོན་འགྲོའི་དགེ་རྒན་ཡོངས་ལ་ཟློས་གར་དང་གཏམ་རྒྱུད་བཤད་རྩལ་ཟབ་སྦྱོང་ཕུལ་ཟིན།

ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཆེད་ཕེབས་ཀྱིས་སློབ་སྟོན་པ་རྣམས་ལ་རྗེས་སུ་ཡི་རང་ཞུས་པ་དང་མཉམ་ཞུགས་པ་རྣམས་ནས་སློབ་གྲྭའི་དབྱར་དུས་གུང་སེང་སྐབས་ཟབ་སྦྱོང་ལ་ཕེབས་པར་མངགས་བརྗོད་གནང་བ་དང་འབྲེལ། སྒྲུང་གཏམ་བཤད་རྩལ་གྱི་གལ་གནད་དང་ཕྲུ་གུར་སྒྲུང་གཏམ་བཤད་རྩལ་དང་འབྲེལ་བའི་དཔེ་དེབ་འགའ་ཤས་ངོ་སྤྲོད་གནང་། དེ་བཞིན་མུ་མཐུད་ཁོང་གིས་ཉེ་ལམ་ཤེས་རིག་ལས་ཁུངས་ནས་དབུ་འཛུགས་ཞུས་པའི་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་ལས་གཞི་ (Early Childhood Care Education) དེ་ཉིད་ཕྲུ་གུའི་འཚར་ལོངས་ཡར་རྒྱས་ལ་ཕན་རླབས་ཆེན་པོ་ཡོད་པས་དེ་ཉིད་གལ་འགངས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད།

རིང་མིན་ཕྱི་ཟླ་ ༠༩ སྔོན་ཤེས་རིག་ལས་ཁུངས་ནས་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་རང་འཇགས་དབུལ་འཆར་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ཅོན་ཏ་ར་བོད་ཁྱིམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་བ།
Menu