ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཚོར་ཤེས་སྦྱོང་བརྡར་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༧ ནས་ ༣༡ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་ཁང་དུ་སྔོན་འགྲོའི་དགེ་རྒན་རྣམས་ཀྱི་ཆེད་དུ་ཚོར་ཤེས་སྦྱོང་བརྡར་གྱི་ཟབ་སྦྱོང་ཚོགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་སམ་བྷོ་ཊ་བོད་སློབ་ཚོགས་པ་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༡༧ དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༡༠། མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༤ བཅས་ཁྱོན་བསྡོམས་སྔོན་འགྲོའི་དགེ་རྒན་གྲངས་ ༣༡ མཉམ་ཞུགས་གནང་ཡོད།


ཟབ་ཁྲིད་པ་ལྷ་མོ་སྤེན་པ་ལགས་ཀྱིས་དང་བླངས་ཀྱི་སྒོ་ནས་བོད་པའི་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ དང་ ༢༠༡༩ ལོར་བོད་པའི་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་གནང་ཡོད།

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཆེད་ཕེབས་ཀྱིས་ཟབ་སྦྱོང་གི་གལ་གནད་སྐོར་གསུང་བཤད་གནང་ཡོད། ཕྱི་ཚེས་ ༣༡ ཉིན་ཟབ་སྦྱོང་མཇུག་སྡོམ་གྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་མོན་ཊེ་སོ་རིའི་འགན་འཛིན་བློ་བཟང་འཕྲིན་ལས་ལགས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་འགྲོའི་དགེ་ཆེ་བསྟན་འཛིན་ཆོས་འཕེལ་ལགས་བཅས་ཕེབས་ཡོད།

ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་ཁྲིད་པ་ལྷ་མོ་སྤེན་པ་ལགས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་སྔོན་འགྲོའི་དགེ་རྒན་གྱི་གལ་གནད་སྐོར་གསུངས་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་པ་དགེ་རྒན་ཞིག་གིས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུང་སྐབས་ཁོང་རང་ཉིད་སྔོན་འགྲོའི་དགེ་རྒན་རྣམས་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་བ་ཐོག་མ་ཆགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་གིས་ཁོང་ལ་གདེང་ཚོད་གསར་པ་ཞིག་བསྐྲུན་སོང་ཞེས་གསུངས་ཡོད།

ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཚེ་དགའ་ལགས་དང་བསོད་ནམས་གངས་བཟང་ལགས་ཀྱིས་ཟབ་སྦྱོང་གི་ཆེད་དུ་གཞོགས་འདེགས་དང་། ཨ་རིའི་རོགས་ཚོགས་ (USAID) ཞེས་པས་ཟབ་སྦྱོང་གི་འགྲོ་གྲོན་སླད་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།

 

སྔོན་མ།
བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།
ཕྱི་མ།
དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།
Menu