ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༢༢ ལ་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༦ ནས་ ༣༡ བར་ཉིན་གྲངས་དྲུག་རིང་སྔོན་འགྲོའི་དགེ་རྒན་གྲངས་ ༢༢ ལ་སློབ་སྦྱོང་གི་དཀའ་ངལ་གོ་རྟོགས་དང་སློབ་ཁྲིད་ལེགས་བཅོས་སྐོར་ཟབ་སྦྱོང་གོ་སྒྲིག་གནང་ཡོད།

དེ་ཡང་ཧཻ་ད་རཱ་བཱད་ནས་ཡིན་པའི་ཁྱད་སྟོན་མི་སྣ་རཱ་ནི་(Rani) ལགས་ཀྱིས་ཟབ་ཁྲིད་གནང་ཡོད་པ་དང་། ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། འཛིན་གྲྭར་སློབ་ཕྲུག་ཚོར་སློབ་སྦྱོང་གི་དཀའ་ངལ་འཕྲད་བཞིན་པ་དེ་དག་དགེ་རྒན་གྱི་ངོས་ནས་གདོང་ལེན་གནང་སྟེ་སེལ་ཐབས་དང་། དེ་བཞིན་སློབ་ཕྲུག་རྣམས་ཀྱི་སྦྱངས་འབྲས་གང་ལེགས་ཡོང་ཐབས་བཅས་ལ་དམིགས་པ་ཡིན། ཉིན་གྲངས་གཉིས་རིང་གི་ཉིན་རྒྱབ་དགེ་རྒན་རྣམས་ཀྱིས་སྔོན་འགྲོའི་སློབ་ཕྲུག་རྣམས་ལ་དངོས་སུ་སློབ་ཁྲིད་ལག་བསྟར་གནང་ཡོད།

ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས་ཆེད་ཕེབས་ཀྱིས་དགེ་རྒན་རྣམ་པས་ཕན་ཚུན་ཤེས་ཡོན་གྱི་ཉམས་མྱོང་སྤེལ་རེས་བྱས་ཏེ་སློབ་གྲྭའི་ནང་ལག་བསྟར་བྱེད་དགོས་པའི་གལ་གནད་སྐོར་གསུངས་ཡོད། ཟབ་སྦྱོང་གི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།



སྔོན་མ།
འཛིན་རིམ་བདུན་པའི་རྩིས་རིག་སྦྱོང་དེབ་དང་འཛིན་གྲྭ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཤེས་རིག་ཟབ་སྦྱོང་ཁག་གསུམ་དབུ་འབྱེད་ཞུས་པའི་གནས་ཚུལ་མདོར་བསྡུས།
Menu