ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སྔོན་འགྲོ་དང་འཛིན་རིམ་ལྔ་པའི་སློབ་ཕྲུག་གི་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༦  ནས་ ༡༧ བར་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་ (Sager Science Centre) དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྔོན་འགྲོ་དང་འཛིན་རིམ་ལྔ་པའི་སློབ་ཕྲུག་གི་ཕ་མ་རྣམས་ལ་ཕ་མས་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་ཕལ་ཆེ་བ་རྣམས་ནི་ས་ཁུལ་ཁག་གསུམ་སྟེ། གངས་སྐྱིད་དང་། མེག་གྷན། ནོར་གླིང་བཅས་སུ་གནས་སྡོད་བྱེད་བཞིན་ཡོད་པས། ཟབ་སྦྱོང་ཚགས་ཚུད་དང་ཕ་མའི་མཉམ་ཞུགས་གང་ལེགས་ཡོང་ཐབས་སུ་གོང་གསལ་ཟབ་སྦྱོང་དེ་བཞིན་ས་ཁུལ་གསུམ་ལ་ཆ་བགོས་ཀྱིས་གོ་སྒྲིག་བྱེད་བཞིན་ཡོད། གངས་སྐྱིད་ཁུལ་གྱི་ཕ་མ་རྣམས་ལ་ཕྱི་ཟླ་ ༡༢ ཚེས་ ༦ ནས་ ༩ བར། ཚེས་ ༡༤ དང་ ༡༥ བཅས་དང་། མེག་གྷན་ཁུལ་གྱི་ཕ་མ་རྣམས་ལ་ཕྱི་ཟླ་ ༡༢ ཚེས་ ༡༣ དང་ ༡༧། ནོར་གླིང་ཁུལ་གྱི་ཕ་མ་རྣམས་ལ་ཕྱི་ཟླ་ ༡༢ ཚེས་ ༡༦ བཅས་ལ་གནང་གཏན་འཁེལ་ཡོད།

ཕ་མའི་ཟབ་སྦྱོང་འདིའི་དམིགས་ཡུལ་ནི། ཞིབ་འཇུག་གཞིར་བཞག་དགེ་མཚན་ལྡན་པའི་ཕྲུ་གུ་གསོ་སྐྱོང་གནང་སྟངས་དང་འབྲེལ་ཕ་མ་རྣམས་ལ་ཕྲུ་གུའི་སློབ་གསོའི་ནང་ཕ་མས་མཉམ་ཞུགས་བྱེད་ཐབས་ཁག་ངོ་སྤྲོད་བྱ་རྒྱུ་ཡིན། ཟབ་སྦྱོང་གི་ཁྱད་སྟོན་པ་ནི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་ནས་བུདྷ་སྐྱབས་ལགས་དང་འཇམ་དབྱངས་རྒྱལ་མཚན་ལགས་རྣམ་གཉིས་ཡིན། ཁེ་ན་ཌ་རོགས་ཚོགས་ཀྱི་སྐུ་ཚབ་སྐལ་བཟང་དབང་འདུས་ལགས་ཟབ་སྦྱོང་ལྟ་ཞིབ་སླད་མཉམ་ཞུགས་གནང་ཡོད།

དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ཤར་ལ་ལྷོ་ཁུལ་སློབ་ཁག་བཅུ་གཅིག་གི་ཕ་མ་གྲངས་ ༤༧༧ ཙམ་ལ་ཕ་མའི་ཟབ་སྦྱོང་གོ་སྒྲིག་གནང་ཟིན་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ པའི་ཟླ་མཇུག་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྐྱེན་པས་རྒྱ་གར་རྒྱལ་ཡོངས་སྒོ་རྒྱ་བསྡམས་པ་དང་འགྲོ་འོང་བཀག་སྡོམ་བཅས་ལ་བརྟེན་ནས་ད་བར་ཕ་མའི་ཟབ་སྦྱོང་གོ་སྒྲིག་གནང་ཐུབ་མེད། ད་ལྟའི་གནས་སྐབས་སུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་སྟངས་ཕྲན་བུ་ཇེ་བཟང་དུ་ཕྱིན་ཡོད་པར་སོང། དྷ་ས་ཁུལ་གྱི་ཕ་མ་རྣམས་ལ་ཟབ་སྦྱོང་དེ་བཞིན་གོ་སྒྲིག་གནང་ཡོད། ཕ་མའི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཁེ་ན་ཌ་རོགས་ཚོགས་ (Global Affairs Canada) ཞེས་པས་གནང་ཡོད་པ་བཅས།།

སྔོན་མ།
དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་མཇལ་འཕྲད་གནང་བ།
ཕྱི་མ།
སམ་བྷོ་ཊ་བོད་སློབ་ཚོགས་པའི་སློབ་གྲྭ་ཁག་གི་ཆེད་དགེ་ལས་འདེམས་སྒྲུག་གི་གྲུབ་འབྲས་གསལ་བསྒྲགས།
Menu