ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅།།བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཁོངས་མིན་པའི་ཚོགས་པ་(Expressions India) ཞེས་པའི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༤ ནས་ ༠༦ བར་ཉིན་གྲངས་གསུམ་གྱི་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་རྣམས་ལ་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གནང་ཡོད།

ཟབ་སྦྱོང་གནང་མཁན་ཁྱད་སྟོན་མི་སྣ་རྣམས་ནི། ལྡི་ལིར་ཡོད་པའི་སྨན་ཁང་ཁག་གཅིག་གི་ཆེད་ལས་མི་སྣ་ཤ་སྟག་ཡིན། མུལ་ཅནྟ་སྨན་ཁང་ (Moolchand Hospital) གི་སེམས་ནད་རིག་པ་ཚན་པའི་སེམས་ནད་སྨན་པ་ཇི་ཏེནྡྲ་ནཱག་པཱལ་ (Dr. Jitender Nagpal) ལགས་དང་། སེམས་ཁམས་རིག་པའི་སློབ་སྟོན་པ་རྒན་པ་རེ་ཁ་ཅོ་ཧཱན་ (Rekha Chauhan) ལགས། ལང་ཚོ་དར་བབས་ཀྱི་སློབ་སྟོན་པ་ཨ་པྲ་ཇི་ཏཱ་དིག་ཥིཏ་ (Aparajita Dixit) ལགས། རཱམ་མ་ནོ་ཧར་ལཱལ་སྨན་ཁང་ (Ram Manohar Lal Hospital) གི་སེམས་ཁམས་རིག་པའི་སྡེ་ཚན་གྱི་འགན་འཛིན་སྨན་པ་རུ་ཤི་ཏཱ་མཱ་ནཱ་ (Dr. Rushi Tamana) ལགས་བཅས་ཡིན།

དེ་ཡང་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་དྲུང་འཕར་སྒྲོལ་དཀར་དབང་མོ་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཕེབས་བསུ་དང་ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་སྐོར་གསུང་བཤད་གནང་བ་དང་འབྲེལ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མཉམ་ཞུགས་པ་རྣམས་ལ་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ནི་གལ་ཆེ་ཤོས་ལ་རྩི་བཞིན་པའི་ལམ་སྟོན་གནང་བ་དེ་མཉམ་ཞུགས་པ་ཡོངས་ལ་གསུངས་ཡོད།

ཟབ་སྦྱོང་འདིའི་དགོས་དམིགས་གཙོ་བོ་ནི། སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པའི་སྐབས་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། ཁྱད་སྟོན་མི་སྣ་རྣམས་ཀྱིས་སློབ་གྲྭའི་ནང་གི་སློབ་ཕྲུག་གི་བདེ་འཇགས་ཀྱི་གོ་དོན་དང་འབྲེལ་ཡོད་ཚང་མའི་ལས་འགན། དེ་བཞིན་དཀའ་ངལ་གདོང་ལེན་བྱེད་སྟངས། འབྲེལ་ལམ་གྱི་སྒྱུ་རྩལ། བྱམས་སྙིང་རྗེ་སོགས་ཀྱི་གལ་གནད་སྐོར་ཟབ་སྦྱོང་གནང་ཡོད། མཉམ་ཞུགས་པ་ཡོངས་ནས་ཟབ་སྦྱོང་འདི་བརྒྱུད་སློབ་ཕྲུག་གི་བདེ་འཇགས་དང་། དེབཞིན་སེམས་ནད་ཀྱི་དཀའ་ངལ་དང་དེའི་འབྱུང་རྐྱེན་རྣམས་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་དང་། འཕྲོད་ལས་པ། དགེ་རྒན། ལས་བྱེད་སོགས་དང་ལྷན་ཇི་ལྟར་སེལ་ཐབས་སྐོར་སྦྱང་བརྩོན་གནང་ཡོད།

གཞན་ཡང་མཉམ་ཞུགས་པ་ཡོངས་ནས་ཁ་གཅིག་གྲག་གིས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་འཕེལ་ཡོང་བར་སློབ་གྲྭའི་ནང་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་པ་དང་། བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པར་སློབ་གྲྭའི་འགན་འཛིན་དང་། དགེ་རྒན། ལས་བྱེད། ཕ་མ་བཅས་ནས་མཉམ་རུབ་ཀྱིས་ཐུན་མོང་གིས་འགན་ཁུར་གནང་དགོས་པའི་གལ་གནད་སྐོར་གསུངས་ཡོད།

ཐེངས་འདིའི་ཟབ་སྦྱོང་ཆེད་རྒྱ་གར་དང་བལ་ཡུལ་གྱི་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་གྲངས་ ༢༣ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་འགྲོ་གྲོན་སླད་ཁེ་ན་ཌའི་རོགས་ཚོགས་(Global Affairs Canada) ཞེས་པས་རོགས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༢༢ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གྲུབ་འབྲས་གསལ་བསྒྲགས།
ཕྱི་མ།
ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་དོད་རྒྱ་གར་སློབ་ཕྲུག་རྣམས་དང་གཅིག་མཚུངས་ལྟར་དགོངས་བཞེད་གནང་བ།
Menu