ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས།

ཆེད་བརྗོད།

༄༅། །༡༩༥༩ ལོར་རྒྱ་དམར་བཙན་འཛུལ་བའི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་དབང་གིས་༸གོས་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མུ་མཐུད་དུ་བཞུགས་ཚེ། བོད་མི་ཆེས་མང་པོར་སྲོག་ཉེན་དང། རྩ་དོན་ལ་འཕྲལ་ཕུགས་གང་ཐད་ནས་ཉེན་ཆེ་བར་བརྟེན། དེ་བས་བཙན་བྱོལ་དུ་ཕེབས་ན་བོད་བསྟན་སྲིད་མི་རིགས་ཆགས་འཇིག་གི་སོ་མཚམས་ནས་སྐྱོབ་ཐབས་བཟང་བར་གཟིགས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་གཞུང་འབངས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། དུས་དེ་ནས་བཟུང་ད་ཆ་མི་ལོ་ ༥༠ བཙན་བྱོལ་དུ་འདས་པའི་རྗེས་དྲན་གྱི་དུས་ཚིགས་སྲུང་བརྩི་ཞུ་བའི་ལས་རིམ་གྱི་ཆ་ཤས་སུ། འདས་པའི་ལོ་ངོ་ ༥༠ རིང་བོད་ཕྲུག་ན་གཞོན་ཚོའི་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་མེད་པ་ནས་ཡོད་པ་དང། ཡོད་པ་དེ་མུ་མཐུད་ཡར་རྒྱས་ཚགས་ཚུད་ཐུབ་ཐབས་སུ་༸མགོན་པོ་གང་གིས་ཇི་ལྟར་འདོམས་པའི་གདམས་ངག་དང་མཐུན་པར་འབད་བརྩོན་ཇི་ལྟར་ཞུས་པའི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་བྱུང་བ་བརྗོད་པའི་ཡིག་ཆ་འདི་ཉིད། ཇི་སྐད་དུ། སློབ་དཔོན་དབྱུག་པ་ཅན་གྱིས།

གལ་ཏེ་སྒྲ་དོན་སྣང་བ་ནི། །འཁོར་བའི་བར་དུ་མི་གསལ་ན། །
འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །

ཞེས་གསུངས་པ་ལྟར། རྩོམ་སྒྲིག་མ་ཞུས་ན། ཕྱི་རབས་རྣམས་ལ་གསལ་བར་མི་འགྱུར་བས། དེའི་ཕྱིར་རྗེས་སུ་ཡི་རང་བའམ། ཡང་ན་ནི་ལེགས་ཉེས་ཀྱི་དཔྱད་བརྗོད་བྱེད་པའི་སྐབས་མེད་པར་འགྱུར་རྒྱུ་ཡིན། རྩོམ་སྒྲིག་བྱས་པའི་ཕན་ཡོན་ནི། སློབ་དཔོན་དེ་ཉིད་ཀྱིས།

སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །
དེ་ཉིད་ཉེ་བར་མི་གནས་ཀྱང། །རང་ཉིད་ཉམས་པ་མེད་ལ་ལྟོས། །

ཞེས་གསུངས་པ་ལྟར། དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཕབ་རྣམས་ཇི་སྲིད་དུ་ཡི་གེའི་ཕུང་པོ་མ་ཉམས་པར་གནས་པ་དེ་སྲིད་དུ་ཉམས་པ་མེད་པར་གནས་ཐུབ་པ་ཡིན།
ལྷག་པར་དུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་ལས་དོན་འདི་ཉིད་ལས་དོན་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང། རང་རེའི་བོད་ཀྱི་མ་འོངས་པའི་སོན་རྩར་གྱུར་པའི་བོད་ཕྲུག་རྣམས་ལ་ཤེས་རིག་ཡོན་ཏན་སློབ་སྦྱོང་བྱ་རྒྱུ་སྤྱི་སྒེར་གཉིས་ཀར་འཕྲུལ་ཡུན་སྒོ་གང་ས་ནས་ཤིན་ཏུ་གནད་ཆེ་བར་བརྟེན། ཁྱེད་ཚོས་དོ་འཁུར་ཆེ་བསྐྱེད་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་སྒོ་ལྷོད་གཡེང་མ་སོང་བ་འཐུས་ལེགས་ཡོང་བའི་འབད་བརྩོན་ནན་ཏན་བྱེད་དགོས་ཞེས་བཀའ་ནན་རིམ་ཕེབས་བཞིན། བཙན་བྱོལ་དུ་དུས་ཡུན་ཇི་ཙམ་ཞིག་གནས་དགོས་གྱུར་ཀྱང་བོད་མིའི་བདེན་པའི་འཐབ་རྩོད་གསོན་པོར་གནས་ཤིང། རང་གི་ཆོས་དང་སྐད་ཡིག་རིག་གཞུང། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་ཐོག་དེང་རབས་ཤེས་ཡོན་བཅས་པ་སྤྲོད་ཕྱོགས་ཀྱི་ལས་དོན་དེ་བཙན་བྱོལ་བོད་གཞུང་གི་གལ་ཆེའི་མཛད་འཁུར་དང་པོའི་གྲས་སུ་བཞག་སྟེ་ལས་དོན་བརྩམས་པ་དང། སྤྱི་ནོར་༸གོང་ས་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང། ཐུགས་རྗེའི་འོ་མཚོ་ལས་ཉེ་བར་བལྟམས་པའི་བོད་གཞུང་ཤེས་རིག་ལས་ཁུངས་འདི་ཉིད་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་དངོས་སུ་བཞུགས་སྒར་དྷ་རམ་ས་ལའི་ལྗོངས་ཀྱི་ལྟོ་བར་དབུ་འཛུགས་ཀྱི་སྒོ་དབྱེ་རྟེན་འབྲེལ་གནང་པ་ནས་ད་ཆ་མི་ལོ་ལྔ་བཅུ་སོང་བའི་བར་གྱི་བྱུང་རབས་འདི་ཉིད་ཡིག་ལམ་དུ་བཀོད་པར་བརྟེན་ནས་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཀའ་རྙོག་དང་བཞེས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཕྲུག་ན་གཞོན་རྣམས་ཀྱི་ཆེད་གཏན་ཉིན་སློབ་གྲྭ་ཟུར་འཛུགས་བསྐྱངས་པའི་ཕུགས་རྒྱང་རིང་པོའི་རླབས་ཆེན་གྱིས་མཛད་བྱུས་དང་བཀའ་དྲིན་ཟླ་མེད་པར་སྐྱོང་བར་མཛད་པའི་བཞེད་དགོངས་ཟབ་མོ་མཇལ་བའི་སྐལ་བ་ཐོབ་ཅིང། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་༸གོང་ས་ཆེན་པོའི་བཀའ་དགོངས་བཞིན་ཕྱི་ནང་གི་རིག་གནས་སྤྱི་དང། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཙོ་གྱུར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཕྱོགས་ལ་འབད་པ་ཇི་བྱས་དང། དེའི་གྲུབ་འབྲས་བཅས་པ་ལོ་རྒྱུས་ཀྱི་དེབ་ཐེར་ནང་གསལ་བར་བྱ་རྒྱུ་ནི། བཙན་བྱོལ་བོད་མིའི་བྱུང་རབས་ནང་གི་ལེའུ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཡོད།
ལོ་མང་སོང་བའི་གལ་ཆེའི་ཡིག་ཆ་མང་དག་ཅིག་ཉར་ཚགས་ཚུལ་བཞིན་མ་བྱུང་བའི་དབང་གིས་བལྟ་བའི་ཡུལ་དུ་མི་སྣང་བར་གྱུར་ཟིན་ཀྱང། ཐབས་ཤེས་ཡོད་རྒུས་དེ་བྱུང་ལོ་རྒྱུས་འདི་འདྲ་ཞིག་རྩོམ་སྒྲིག་ཞུ་ཐུབ་པ་བྱུང་བར། རྩོམ་སྒྲིག་གི་ལས་དོན་འདིར་དངོས་སུ་ཞུགས་མཁན་དང་གཞན་ཡིག་ཆ་ལ་སོགས་པའི་མཐུན་འགྱུར་གནང་མཁན་བཅས་ཡོངས་སུ་རྫོགས་པར་ཡི་རང་བསྔགས་བརྗོད་ཡོད་ལ། དེབ་འདི་ལ་བརྟེན་ནས་ཕྱིས་ཀྱི་མི་རབས་རྣམ་པས་འདས་པའི་རང་རེའི་མི་རབས་སྔ་མ་རྣམས་ཀྱི་སྙིང་རུས་ལྷག་བསམ་གྱི་ནུས་སྟོབས་ཅི་འདྲ་ཞིག་བྱུང་ཡོད་པར་ར་སྤྲོད་དན་རྟགས་སུ་ཤར་ཐུབ་པ་དང་ཕྱི་བལྟས་ཀྱིས་དཔྱད་པར་བྱ་བའི་མེ་ལོང་ལྟ་བུར་འགྱུར་བའི་རེ་བ་དང་བཅས་ཏེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱིས་ ༢༠༡༠ ཟླ་ཚེས་བཟང་པོ་ལ།

རྩོམ་སྒྲིག་པའི་གསལ་བཤད།

༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ བར་བོད་མིའི་ཞི་བའི་གྱེན་ལངས་དང་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བའི་གཞུང་འབྲེལ་ལས་རིམ་གྱི་ཆ་ཤས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཕྲན་པར་ཤེས་རིག་ལས་ཁུངས་མ་ལག་ཁག་གི་ལོ་རྒྱུས་ཤིག་འབྲི་དགོས་པའི་ལས་འགན་སྩལ་བ་ལྟར་དང་དུ་བླངས་ཏེ། ད་ལྟ་ཀློག་པ་པོ་ཚོའི་སྤྱན་ལམ་དུ་“བོད་གཞུང་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས་ཁུངས་ལྡན་གཅེས་མཛོད།” ཅེས་པ་འདི་དངོས་སུ་འབུལ་ཐུབ་པར་དགའ་བ་བརྟས།

ཐོག་མར་ལོ་རྒྱུས་འདིའི་རྩོམ་འབྲིའི་ལས་དོན་ནང་ཞུགས་སྐབས། འདས་པའི་དུས་ཐུང་ལོ་ངོ་ལྔ་བཅུའི་ལོ་རྒྱུས་འབྲི་བ་ལ་དཀའ་ཚེགས་ཆེན་པོ་ཅི་ལ་ཡོད་དྲན་ཡང། དངོས་སུ་ལག་ལེན་ནང་ཞུགས་སྐབས་དེ་ལས་རྦད་དེ་ལྡོག་པ་ཞིག་བྱུང། དེ་ཡང་ཕྱི་ལོ་ ༡༩༥༩ ནས་ ༢༠༠༩ བར་གྱི་ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས་འཚོལ་སྐབས། བལྟས་ཆོག་ཆོག་གི་དཔྱད་གཞི་དེ་འདྲ་ཅི་ཡང་མི་འདུག་ལ། ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས་ཀྱི་ཧྲིལ་པོར་མྱོང་རྒྱུས་ཟབ་པའི་མི་སྣའང་མ་མཆིས། དེ་སྔོན་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཉི་ཤུ་དང་ཉེར་ལྔ་འཁོར་མཚམས་སོགས་ལ་དབྱིན་ཡིག་ནང་དྲན་དེབ་ཆུང་ཆུང་རེ་བཏོན་འདུག་ཀྱང། དེ་དག་ཏུ་སྤྱི་བཏང་ཡོངས་གྲགས་ཀྱི་གནས་ཚུལ་རྣམས་མདོར་བསྡུས་སུ་བཀོད་པ་ལས་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་མི་གསལ།
སྤྱིར་བཏང་སྔར་སོང་ད་འགྲོའི་དཔེ་ལྟར་ཤེས་རིག་ལས་ཁུངས་ཀྱི་ཆགས་རབས་རགས་པ་ཞིག་བྲིས་ཏེ་འཐུས་པར་བྱས་ན་ཕྲན་རང་ལ་ལས་ཚེགས་དང་དུས་གྲོན་གཉིས་ཀ་ཆུང་ཡང། ལོ་ངོ་ ༥༠ ལས་མ་སོང་བའི་ལོ་རྒྱུས་ཀྱི་བྱུང་བ་རྣམས་འདི་ལྟར་གསལ་ཁ་མེད་པར་ལུས་ཚེ། འདས་པའི་བྱུང་རབས་དང་འབྱུང་འགྱུར་གྱི་མི་རབས་གཉིས་ཀར་འགན་མ་འཁྱེར་བའི་ཉེས་པ་ཆེ་བར་བརྟེན། དཀའ་ཚེགས་ཆེ་ཡང་ཞིབ་ཙམ་འབྲི་བར་ཐག་བཅད། དེར་བརྟེན་ཐོག་མར་ལོ་མང་ཐལ་རྡུལ་གྱི་ཁྲོད་དུ་གཟིམ་པའི་ཤེས་རིག་ལས་ཁུངས་ཀྱི་ཡིག་རྙིང་ཁག་གི་ཁོངས་ནས་གལ་གནད་ཆེ་བ་རྣམས་ཉིན་ནས་ཉིན་བསྟུད་དེ་བཙལ། དེ་ནས་དེ་དག་རེ་རེ་བཞིན་བཀླགས་ཏེ་མཁོ་གནད་ཆེ་བ་རྣམས་ཐོ་རུ་བཀོད། ཡིག་རིགས་གཞན་དང་བསྡུར་བ་དང་མྱོང་ཅན་ཁག་ལ་འདྲི་བ་སོགས་ཀྱི་མཐར་འབྲི་འགོ་བཙུགས།
རགས་ཟིན་དང་པོ་བྲིས་ཚར་ཙམ་ཞིག་ལ་ཀམ་པུར་ཊར་(གློག་ཀླད་)ལ་སྐྱོན་ཤོར་ཏེ་སྔར་བྲིས་ཟིན་པ་ཕལ་མོ་ཆེ་གཏན་མེད་དུ་གྱུར། ཕྲན་པའི་ཀམ་པུ་ཊར་གྱི་དྲན་མཛོད་ཆུང་ཞིང་མྱུར་ཚད་དལ། ལས་རོགས་མེད་ཐོག་ལས་འགན་གཞན་དག་ཀྱང་བཀོད་སྒྲིག་གནང་བ་སོགས་དཀའ་ངལ་དང་འགལ་རྐྱེན་ཅུང་ཟད་བྱུང་ཡང་སྡུག་སྐད་ཨེན་ཙམ་ཡང་མ་བཏོན་པར་ཡང་ནས་ཡང་དུ་སྙིང་སྟོབས་བསྐྱེད་དེ་ད་ལྟའི་ལོ་རྒྱུས་འདི་གྲུབ་པ་ལགས།
ལོ་རྒྱུས་འདིའི་དཔྱད་གཞི་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཡིག་མཛོད་ནང་བཞུགས་པའི་ཡིག་ཆ་ཁག་ཡིན་ཞིང། དེ་ཡང་ཡིག་ཆ་ཧ་ཅང་མང་བའི་ཁོངས་ནས་གཙོ་བོ་རྩ་འཛིན་ཡིག་རིགས་དང་ལས་བསྡོམས། སྙན་ཐོ། འཆར་འབུལ་ཕྱག་རྟགས་སྩལ་ཐོན། གྲོས་ཆོས། སྐུ་སྒེར་ཡིག་ཚང་དང་བཀའ་ཤག ལྡི་ལི་དོན་གཅོད། བོད་སློབ་འཛིན་ཚོགས་བཅས་དང་ཕར་ཚུར་ཡིག་འབྲེལ་གནང་བ་ཁག་ཡིན། དེ་མིན་རྡོར་གླིང་ནས་བཏོན་པའི་རང་དབང་གསར་ཤོག་དང། ཀ་སྦུག་ནས་བཏོན་པའི་གསར་འགྱུར་མེ་ལོང་སོགས་ལའང་དོ་སྣང་བྱས། མདོར་བསྡུས་ནས་ཞུས་ན། ཕྲན་པས་དུས་ཐུང་ལོ་གཅིག་ཙམ་གྱི་རིང་དུས་ཁོམ་ཡོད་ཚད་ལ་བལྟ་ཀློག་བྱས་ཀྱང། ཤེས་རིག་གི་ཡིག་མཛོད་ནང་གི་ཡིག་རིགས་བརྒྱ་ཆ་ ༣༠ ལས་ལྷག་པ་བལྟ་ཐུབ་མེད། དེའི་དབང་གིས་ལོ་རྒྱུས་འདི་ད་ཕན་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལོ་རྒྱུས་རྒྱས་ཤོས་ཤིག་ཡིན་ཡང་ད་དུང་གསལ་ཁ་མ་ཐོན་པ་མང་པོ་ཡོད་པར་མ་ཟད། ནོར་བ་དང་འཁྲུལ་བའང་ཏན་ཏན་ཡོང་སྲིད། ལྷག་པར་ཕྱི་ལོ་ ༡༩༦༠ ནས་ ༡༩༧༥ བར་གྱི་ལོ་རྒྱུས་ཀྱི་དཔྱད་གཞི་ཉུང་ཞིང། ཡིག་རྙིང་མང་པོ་ཞིག་གར་ཡོད་མི་ཤེས་པ། བོར་བརླག་ཏུ་གྱུར་པ། ཆ་མི་ཚང་བ། རུལ་སྐྱོན་ཤོར་བ་བཅས་ཀྱི་དབང་གིས་ད་དུང་འཚོལ་ཞིབ་དང་ལེགས་སྒྲིག་གིས་ཁ་སྐོང་བྱེད་དགོས་པའི་གནད་མང།
ལོ་རྒྱུས་ཀྱི་འདྲ་པར་ཁག་ཀྱང་འབྲེལ་ཡོད་མྱོང་ཅན་མི་སྣ་ཁག་བརྒྱུད་དེ་ཐབས་འཚོལ་བྱས་པ་ཙམ་དུ་མ་ཟད། འདྲ་པར་སོ་སོའི་འགྲེལ་བཤད་གཅིག་པུར་ཡང་དུས་ཚོད་མང་པོ་བཏང་སྟེ་དྲི་བརྩད་རིམ་ཅན་དུ་བྱས་སྟབས། དེབ་འདིའི་ནང་གི་འདྲ་པར་རྙིང་པ་མང་ཆེ་བར་འགྲེལ་བཤད་བཀོད་ཐུབ་པ་བྱུང། ཁྱབ་ཁོངས་བོད་ཁྱིམ་གཉིས་ཀྱི་ལོ་རྒྱུས་ས་བོན་ཁུངས་སོ་སོས་ཕུལ་འབྱོར་དེས་བློ་ཁ་ཚིམ་པ་ཞིག་མ་བྱུང་ཡང། དུས་ཚོད་དབང་གིས་སྣོན་བཅོས་མ་ཐུབ། ཤེས་རིག་པར་ཁང་གི་ལོ་རྒྱུས་ལ་རང་ངོས་ནས་སྣོན་བཅོས་གང་ཐུབ་ཞུས་ཁུལ་ཡིན།
ལོ་རྒྱུས་ཀྱི་དེབ་འདི་འབྲི་བའི་བརྒྱུད་རིམ་ནང་ལམ་སྟོན་གནང་མཁན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས། ཡིག་ཆ་མཐུན་འགྱུར་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་དཔེ་དོ་དམ་པ་བསོད་ནམས་སྟོབས་རྒྱལ་ལགས་དང་བོད་གཞུང་ཟློས་གར་དབུ་འཛིན་ཕ་ཟུར་དབང་ཕྱུག་ལགས། ཞུ་དག་གི་རོགས་རམ་གནང་མཁན་ཤེས་རིག་རྩོམ་སྒྲིག་ཚན་པའི་ཀརྨ་སྨོན་ལམ་ལགས་དང། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ངག་དབང་རྡོ་རྗེ་དང། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་དཔོན་རེ་མདོ་སེངྒེ། འདྲ་པར་ཐབས་འཚོལ་སོགས་ཀྱི་ཕན་གྲོགས་གནང་མཁན་ཤེས་རིག་ལས་བྱེད་ཚེ་རིང་ཕུན་ཚོགས་དང་ཚེ་རིང་བསམ་འགྲུབ། ཚེ་དབང་དངོས་གྲུབ། ཚེ་རིང་དབྱངས་སྐྱིད། ངག་དབང་དགེ་ལེགས། སྐལ་བཟང་རིན་ཆེན་བཅས་ལ་ཐུགས་རྗེ་ཆེ་ཞུ།
གོང་དུ་ཞུས་པ་ལྟར་ལོ་རྒྱུས་འདི་ཁུངས་དག་དང་ཞིབ་ཆ་ཆེ་ཙམ་ཡོང་ཆེད་ཕྲན་རང་ངོས་ནས་ལྕོགས་ཚོད་ཀྱིས་འབད་པ་ཆེན་པོ་ཞུས་ཁུལ་ལགས་ཀྱང། ད་དུང་ཆད་ལྷག་ནོར་གསུམ་གྱི་སྐྱོན་ཆ་མང་དུ་མཆིས་པར་ངེས་ན། ཤེས་ལྡན་ཚོས་སྐྱོན་བརྗོད་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ། ཕྲན་ཆུང་ཚེ་རིང་པས།
ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཕྲེང་བའི་རྡོག །ལོ་ཆུང་བདག་གིས་བརྩོན་པས་སྲད་བུར་བརྒྱུས། །
ལོ་རྒན་མེས་པོའི་ཐུགས་དགོངས་རྫོགས་པར་ཤོག །ལོ་གཞོན་དཔྱོད་ལྡན་མཛེས་པའི་རྒྱུན་འགྱུར་ཤོག །

Menu