ཤེས་རིག་ལས་ཁུངས་གསར་འཛུགས་རྗེས་ཀྱི་ལས་དོན་གལ་ཆེ་ཁག་ཅིག་ཟུར་བཀོད།

༡༽   དབུས་བོད་སློབ་འཛིན་ཚོགས་གསར་འཛུགས།

ཕྱི་ལོ་༡༩༦༡ ལོའི་ཕྱི་ཟླ་ ༤།༥ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་སྒྱུར་གནང་སྟེ་རྒྱ་གར་གཞུང་གི་སྲིད་བློན་ནེ་རུ་མཆོག་ལ་སྐྱབས་བཅོལ་བོད་མིའི་ཕྲུ་གུ་རྣམས་ཀྱི་སློབ་སྦྱོང་སྐོར་ལ་བཀའ་མོལ་གནང་ཞིང༌། སྐབས་དེར་ཤེས་རིག་བཀའ་བློན་ཀུན་བདེ་གླིང་ཡང་མཉམ་འཁྲིད་མཛད་ཡོད། སྐབས་དེའི་བཀའ་མོལ་སྐོར་ཡིག་ཆ་ཁག་ལ་ཞིབ་འཇུག་ཞུ་སྐབས་བསྙེལ་ཐོ་འཁྱུག་བྲིས་ཤིག་ཐོབ་པ་ཆ་ཚང་ལེབ་བཤུས་ཀྱིས་བཀོད་པ་གཤམ་གསལ། ༡༽    རྒྱ་གར་ས་ཐོག་ཏུ་སྤྱི་ལོ་ ༡༩༦༡ ཟླ་ ༢ ཚེས་ཕན་འབྱོར་བའི་བུ་ཕྲུག་ལོ་ ༡༦ མན་གྱི་གྲངས་འབོར་བུ་དང་བུ་མོ་ཁྱོན་བསྡོམས་མི་གྲངས་ ༢༩༧༥ ཡོད་ཐོག་ནས་ཕྲུག་གུ་ལོ་ ༡ ནས་ ༨ བར་གྲངས་ ༢༥༠ ལོ་ ༨ ནས་ ༡༦ བར་ ༡༠༠༠ བཅས་ལ་རྒྱ་གར་གཞུང་ནས་སློབ་སྦྱོང་གི་རོགས་རམ་གནང་རྒྱུར་ཐུགས་གཏན་འཁེལ་བ་ལྟར་མ་སུ་རིར་མི་གྲངས་ ༤༠༠ ཡོད་པའི་སློབ་གྲྭ་ཁག ༡ དང༌། དྷ་རམ་ས་ལར་མི་གྲངས་༢༥༠ ཡོད་པའི་བུ་གསོ་ཁང་ ༡ ཡོད་པ་དེ་རྣམས་ལའང་སློབ་སྦྱོང་གི་གོ་རིམ་ཚད་གཞི་དང་ལྡན་པ་བྱུང་མེད་ཁར་འཕྲོས་མི་གྲངས་ ༦༠༠ སློབ་གྲྭ་ཁག་བགོས་གང་མྱུར་འཛུགས་རྩིས་བཅས་ཕུད་རུང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་མི་གྲངས་ ༡༧༢༥ བསྡད་པའི་ཐོག་ད་དུང་སྐྱབས་བཅོལ་གསར་འབྱོར་ཡོང་དང་ཡོང་མུས་བཅས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པའི་རོགས་རམ་ཡོད་པ་ཞུ་རྒྱུ། ༢༽ གོང་གསལ་སློབ་ཕྲུག་རྣམས་ལ་སློབ་གྲྭའི་འགྲོ་སོང་སློབ་གྲྭ་མཐར་སོན་མ་ཐུབ་བར་གཏོང་དགོས་དེ་དག་ལོ་རྒྱུན་རིང་པོར་བརྟེན་པས་ཐུགས་གཡེང་ཆེན་པོ་ཡོད་སྟབས་རྒྱ་གར་གཞུང་ནས་རྒྱུན་འཁྱོང་རོགས་རམ་ཡོང་བ། ༣༽ ཕྱིན་ཆད་རྒྱ་གར་གཞུང་ནས་བོད་ཕྲུག་དོན་དུ་འགྲོ་སོང་སྔོན་རྩིས་འཆར་གཞི་ཇི་ཡོད་གསལ་གསུང་ཐུབ་ན་ང་ཚོས་བསམ་བློའི་གཏོང་ཕྱོགས་ཁྱད་པར་ཡོང་གནས། ༤༽ རྒྱ་གར་གཞུང་ནས་རོགས་རམ་གནང་རྒྱུ་དེ་དག་ལག་ལེན་གང་མགྱོགས་འཁེལ་ཐབས་དང༌། རིག་གསར་དང་མཐུན་པའི་སློབ་སྦྱོང་གི་འགྲོ་སྟངས་ལམ་སྟོན་བཀའ་སློབ་གནང་བར་ཆེད་མངགས་མི་གཅིག་བསྐོ་འཛུགས་གནང་ཐུབ་པ་བྱུང་ན་ཡག་པོ་ཡོང་བ་འདུག ༥༽ སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཀྱི་སྐོར་ལ་བོད་ཀྱི་ཡི་གེ་དང་རིག་གནས་སྐོར་གྱི་དགེ་རྒན་ང་ཚོས་ལྡང་ངེས་གཏོང་ཐུབ་ཅིང༌། ཧིན་རྡི་དང་དབྱིན་ཇིའི་དགེ་རྒན་ཤེས་ཚད་དྲག་གྲས་གཏོང་གནང་རོགས་རམ་ཡོད་པ་ཞུ་རྒྱུ། ༦༽ བོད་ཡིག་དང༌། གཞན་ཡང་བོད་ཀྱི་རིག་གནས་སློབ་སྦྱོང་སྐོར་ལ་དེང་དུས་དང་མཐུན་པའི་དེབ་གཞི་སློབ་ཚན་ཚད་རིམ་དང་ལྡན་པ་མེད་སྟབས་དེང་སང་གོ་རིམ་ཕྱོགས་སྒྲིག་བྱེད་མུས་མཇུག་སྐྱོང་དང་པར་སྐྲུན་སྐོར་ལ་འགྲོ་སོང་དང༌། རྒྱུས་མངའི་ལམ་སྟོན་རོགས་རམ་ཡོང་བ། དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་གནང་རྒྱུ་ནི་བསྟན་སྲིད་མི་རིགས་རིག་གཞུང་བཅས་གང་ཐད་ནས་སྙིང་པོའི་ནང་གི་སྙིང་པོ་ཡིན་པར་གཟིགས་ཏེ་རེ་སྐུལ་གནང་བ་ལྟར། སྲིད་བློན་ནེ་རུ་མཆོག་གིས་ཞལ་བཞེས་དང་སྦྲགས་སྐབས་དེར་ཤེས་ཡོན་དང་གཞོན་སྐྱེས་ཞབས་ཞུའི་བློན་ཆེན་ལས་ཁུངས་(Ministry of Education & Youth Services)ཞེས་དང་དེང་སྐབས་མི་ཆའི་ནུས་པ་གོང་དུ་སྤེལ་བའི་བློན་ཆེན་ལས་ཁུངས་ར(Ministry of Human Resource Development)ཞེས་འབོད་པ་དེའི་གྲོས་ཆོད་ལྟར་ཕྱི་ལོ་༡༩༦༡ ཟླ་ ༧ ཚེས་ ༣༡ ཉིན་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་ཡིག་(XXI OF 1860)གཞི་བཟུང་བོད་སློབ་འཛིན་སྐྱོང་ཚོགས་པ་ཞེས་པའི་རང་སྐྱོང་སྡེ་ཚན་ཞིག་དངོས་སུ་དེབ་སྐྱེལ་བྱས་ཏེ་འཛུགས་ཐུབ་པ་བྱུང༌། ཚོགས་པ་གསར་འཛུགས་ཀྱི་གྲ་སྒྲིག་ལས་དོན་ཆེད་ཤེས་རིག་བཀའ་བློན་ཀུན་བདེ་གླིང་དང་ལས་བྱེད་བཅས་དུས་ཡུན་གང་ཙམ་རིང་ལྡི་ལིར་རྒྱུན་བཞུགས་ཀྱིས་ཕྱག་ལས་གནང་དགོས་པའང་བྱུང༌།


༢༽   གཏན་ཉིན་སློབ་གྲྭ་ཁག་གསར་འཛུགས།

ཤེས་རིག་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ཤོས་ནི་བྱེས་འབྱོར་བོད་རིགས་ཁོངས་སུ་སློབ་ལོ་སོན་པའི་ན་གཞོན་ལྔ་སྟོང་གྲངས་ཀ་འདི་ཕྱིས་སུ་ ༡༩༦༢ ནང་བཀོད་པའི་གྲངས་ཐོ་ཡིན་པས་གོང་གསལ་གཞན་དང་ནང་འགལ་དུ་བལྟ་མི་ཉན་སྐོར་ཡོད་པ་རྣམས་ལ། ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཤེས་ཡོན་དང་ལག་ཤེས་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ་དེ་ཡིན་ཞིང༌། ྋགོང་ས་མཆོག་ནས་དོན་དེའི་ཐད་དམིགས་བསལ་ཐུགས་ཁུར་བཞེས་ཏེ་བཙན་བྱོལ་དུ་ཕེབས་འཕྲལ་མ་སུ་རིར་སློབ་གྲྭ་ཞིག་བཙུགས་ཡོད་པའི་ཐོག ཤེས་རིག་ལས་ཁུངས་གསར་འཛུགས་བྱས་རྗེས་༡༩༦༠ ལོར་སིམ་ལ་གཏན་སློབ་༢༢ དང༌། ༡༩༦༡ ལོའི་ཕྱི་ཟླ་དང་པོའི་ནང་རྡོར་གླིང་གཏན་སློབ་གསར་འཛུགས་གནང༌།༢༣ དེ་བཞིན་ ༡༩༦༡ ཟླ་ ༣ ཚེས་ ༢༥ ཉིན་ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭ་གསར་འཛུགས་བྱས་༢༤པ་ཤེས་རིག་གིས་རྩིས་ལེན་འཛིན་སྐྱོང་གནང༌། དེ་རྗེས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་གསར་འཛུགས་བྱས་རྗེས་ཚོགས་པ་དེས་ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་༢༥ནས་མ་སུ་རི་གཏན་སློབ་དང༌། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ་བཅས་དངོས་སུ་གཞུང་འབྲེལ་རྩིས་ལེན་བྱས། ཕྱི་ལོ་༡༩༦༤ ཟླ་ ༡༠ པར་ཀ་སྦུག་ཤེས་རིག་སློབ་གྲྭ་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་ལེན་བྱས། དེ་བཞིན་སྐབས་དེའི་ཁུངས་ལྡན་ཡིག་ཆར་གསལ་བར་གཞིགས་ན། བོད་མི་སྐྱབས་བཅོལ་བས་ལམ་བཟོའི་ལས་ཀ་བྱ་ཡུལ་གཙོ་གྱུར་བོད་མི་གནས་ཡུལ་ཁ་ཤས་ལ་འཕྲལ་སེལ་གྱི་སློབ་གྲྭ་བཙུགས་པ་དཔེར་ན། ཕྱི་ལོ་༡༩༦༡ ལོར་སླེབས་སྐབས་ཀ་ལོན་སྦུག་ཁོ་ནར་བོད་མིའི་སློབ་གྲྭ་ཁག་བཞི་ཡོད་པ་དང༌། འབྲས་ལྗོངས་ནང་བོད་མི་སྐྱབས་བཅོལ་ལམ་བཟོ་བའི་ཆེད་བྱང་ཁུལ་དུ་སློབ་གྲྭ་གཅིག་དང་ལྷོ་ཁུལ་དུ་གཅིག་བཅས་སློབ་གྲྭ་གཉིས་ཡོད། ཡུ་པི་མངའ་སྡེའི་སན་དེའུ་དང་སྤའོ་རི་(Sandeo Camp and Pauri, Uttar Pradesh)སོ་སོར་གཞི་རིམ་སློབ་གྲྭ་རེ། དེ་བཞིན་ལ་དྭགས་ཁུལ་གྱི་བོད་མི་ལམ་བཟོ་བའི་ཕྲུ་གུའི་ཆེད་སློབ་གྲྭ་གཉིས་དང༌། མའི་སོར་གཞིས་ཆགས་སུ་སློབ་གྲྭ་གསུམ་ཡོད་མུས་ལ་འདོད་ཁེངས་མ་བྱུང་བར་གཞིས་ཆགས་སྤྱིའི་ཆེད་སློབ་གྲྭ་ཡག་པོ་གཅིག་འཛུགས་རོགས་ཞེས་ ༡༩༦༡ ལོར་ཞུ་མུས་རེད་འདུག ཧི་མ་ཅལ་མངའ་སྡེའི་ནང་སིམ་ལའི་ཉེ་འགྲམ་སྐབས་དེར་བོད་དང་རྒྱ་གར་གྱི་ས་མཚམས་ལམ་ཆེན་གྱི་ལམ་བཟོ་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་ཚོས་ས་གནས་མ་ཏི་ཡཱ་ན་དང༌། ཤིའ་ལ་རུ། ནར་ཀན་ཌ་(Matiana, Shillaru and Narkanda)བཅས་སུ་སློབ་གྲྭ་ཁག་གསུམ་བཙུགས་ཡོད་པ་དང༌། དེ་བཞིན་བྷ་ལུག་སྤུང་(Bhalukpung)གསོག་སྒར་དུ་ཡང་སློབ་གྲྭ་བཙུགས་ཡོད་པ་༢༨རྣམས་མ་འོངས་པར་ཉམས་ཞིབ་གནང་མཁན་ཚོར་དཔྱད་གཞིར་ཕན་པར་སྙམ་ནས་འདིར་མཚོན་ཙམ་ཞུས་པ་ལགས། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་བཙུགས་རྗེས་ཤེས་རིག་ལས་ཁུངས་ཀྱིས་གཙོ་བོ་ལས་ཁུངས་དེ་དང་མཉམ་སྦྲེལ་གྱིས་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་མང་གསར་འཛུགས་བསྐྱངས་པའི་ཞིབ་ཕྲའི་གནས་ཚུལ་སློབ་གྲྭའི་ལོ་རྒྱུས་ཀྱི་དེབ་ཏུ་གསལ་ངེས་ལ་བརྟེན་འདིར་མ་སྤྲོས་སོ།།

༣༽    ཟུར་གསོག་སློབ་གྲྭ་ཁག་གསར་འཛུགས།

བོད་གཞུང་གིས་རྒྱ་གར་གཞུང་དང་འབྲེལ་མོལ་གྱིས་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་གསར་འཛུགས་བྱས་དང་བྱེད་བཞིན་པའི་སྐབས། བཙན་བྱོལ་བོད་མི་གནས་ཡུལ་ཁག་ནས་སློབ་ལོ་སོན་པའི་བུ་ཕྲུག་མང་པོ་ཤེས་རིག་ལས་ཁུངས་སུ་སློབ་འཇུག་ཆེད་སྡེབ་སྐྱེལ་བྱས་པ་རྣམས། སློབ་གྲྭ་ངོ་མར་སློབ་འཇུག་མ་ཐུབ་བར་གནས་སྐབས་གནས་སྡོད་དང་སློབ་སྦྱོང་བྱ་ཡུལ་དགོས་གལ་ཛ་དྲག་ཆེ་བར་བརྟེན། ཐོག་མར་ཕྱི་ལོ་ ༡༩༦༠།༡༩༦༡ ནང་ཟུར་གསོག་སློབ་གྲྭ་དང་པོ་དེ་བོད་གཞུང་ཤེས་རིག་ཟློས་གར་ཚུགས་ཡུལ་དྷ་སའི་ཀོ་ནི་ཡུམ་ ཀོ་ཋི་(Conium Kothi)ས་གནས་ཀྱི་ཁང་མིག་ཁ་ཤས་སྟོང་པ་བཟོས་པའི་ནང་ཤེས་རིག་ལས་ཁུངས་ཀྱིས་འགོ་འཛུགས་ཞུས་ཤིང༌། སྐབས་དེར་འགན་འཛིན་དུ་ཕྱིས་སུ་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ལས་རོགས་གནང་མཁན་སྐུ་ངོ་བསམ་མཆོག་ལགས་བསྐོ་བཞག་གནང༌། དེ་རྗེས་ཡང་བསྐྱར་ཕྲུ་གུ་མང་པོ་སླེབས་ཏེ་མ་ཤོང་བར་བརྟེན་དྷ་ཤོད་གྲོང་བརྡལ་གྱི་ཤར་ངོས་ནས་ཁང་པ་གཅིག་ལ་ཧིན་སྒོར་ ༤༠༠༠ སྤྲད་ནས་སྤུས་གཟིགས་གནང་ཞིང༌། ཁང་པ་དེར་ཉམས་གསོ་ཕྲན་བུ་དང་གད་བདར་བྱས་ཐོག མདུན་ངོས་ས་སྟོང་ཁོད་སྙོམ་གྱིས་རྩེད་ཐང་བཟོས་ཏེ་དྷ་ཤོད་ཟུར་གསོག་སློབ་གྲྭ་བཙུགས། གོང་གསལ་ཟློས་གར་ཁང་ཁོངས་སུ་ཚུགས་པའི་ཟུར་གསོག་སློབ་གྲྭ་ཡང་དེར་སྤོས་པས་དེ་ལ་དིང་སང་ཡང་དྷ་ཤོད་ཟུར་གསོག་ཅེས་མིང་ཐོགས་ཡོད། དེ་དང་དུས་མཚུངས་ལྟ་བུར་དྷ་རམ་ས་ནས་ཀི་ལོ་མི་ཊར་ ༡༨ ཙམ་གྱི་སར་ཆགས་པའི་ཀང་ར་གྲོང་བརྡལ་དུ་ཁང་པ་ཐོག་གཅིག་མ་ཞིག་གཡར་ཏེ་འགོ་འཛིན་ལས་བྱེད་ཐོག་ཁེ་ན་ཌའི་དང་བླང་དགེ་རྒན་དང་སྨན་ཞབས་མ་གཉིས་ཀྱི་འོག་སློབ་ཕྲུག་ཁག་ཅིག་བཞག་པ་དེར་ཀང་ར་ཟུར་གསོག་སློབ་གྲྭ་ཟེར། ཕྱི་ལོ་ ༡༩༦༤ ལོར་བོད་མི་སྐྱབས་བཅོལ་བ་ཕོན་ཆེ་ཞིག་རྒྱ་གར་དང་བལ་ཡུལ་ས་མཚམས་ཉེ་འགྲམ་ནའོ་ཏ་ན་(Naotana ཡིག་ཆར་འདི་ལྟར་འཁོད་ཀྱང་ཞིབ་འཇུག་སྐབས་དེང་གི་Nautanwa ཞེས་པ་དེ་མིན་ནམ་སྙམ་པས་དཔྱད།)ཞེས་པར་འབྱོར་ཞིང༌། ས་དེར་ཚ་དྲོད་ཆེ་ལ་སྐབས་ཤིག་རིང་བོད་མི་དེ་རྣམས་བལ་ཡུལ་དང་རྒྱ་གར་གཉིས་ཀའི་ནང་འགྲོ་མ་བཅུག་པར་བཀག་སྐྱིལ་བྱས་ཐོག་སྨན་བཅོས་སོགས་ཀྱི་འཕྲོད་བསྟེན་ཞན་པས་ཕྲུ་གུ་ཚུད་པའི་མི་མང་ཙམ་འདས་གྲོངས་སོང༌། བོད་གཞུང་གིས་གནས་ཚུལ་དེ་གསན་འཕྲལ་ལས་བྱེད་ཆེད་གཏོང་གིས་ས་གནས་ལ་རྟོག་ཞིབ་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་སུ་སྙན་གསན་ཞུས་ཏེ་མཐར་བོད་མི་དེ་རྣམས་རྒྱ་གར་ནང་ཡོང་ཐུབ་པ་བྱུང་ཞིང༌། བོད་མི་དེ་དག་གི་བུ་ཕྲུག་རྣམས་དྷ་སར་འཁྲིད་དེ་ཤེས་རིག་ལས་ཁུངས་ཀྱིས་ཛ་དྲག་ཐོག་དྷ་སྟེང་ཀོ་ཋི་(Kothi)ས་གནས་སུ་ཟུར་གསོག་སློབ་གྲྭ་ཞིག་བཙུགས་ནས་ལྟ་སྐྱོང་གནང་བ་དེར་དྷ་སྟེང་ཟུར་གསོག་སློབ་གྲྭ་ཟེར་ཞིང༌། ཕྲུ་གུ་འདི་རྣམས་ཐོག་མར་སླེབས་སྐབས་འཚོ་བཅུད་ཀྱིས་མ་འདང་བ་དང་ཚད་པས་མནར་བ། ས་ཆུ་མ་འཕྲོད་པ་སོགས་ཀྱིས་ཕལ་མོ་ཆེ་ནད་མནར་ཡིན་རུང་འཚོ་གོས་དང་སྨན་བཅོས་མཐུན་རྐྱེན་ཚུལ་དང་མཐུན་པ་སྦྱར་ཏེ་ཛ་དྲག་ལྟ་སྐྱོང་གནང་བས། དྷ་སྟེང་ཟུར་གསོག་སློབ་གྲྭར་སླེབས་པའི་ཕྲུ་གུའི་ཁོངས་ནས་འདས་གྲོངས་སོང་བ་གཉིས་ལས་མ་བྱུང་བ་རེད་ཅེས་སྐབས་དེར་ཚང་མས་སྐད་གྲགས་དང་དགའ་མོས་བྱེད་དགོས་པ་བྱུང་ཡོད། འབྲེལ་ཡོད་ཡིག་ཆར་གཞིགས་ན་ཕྱི་ལོ་༡༩༦༢ ནས་༡༩༦༧ ལོའི་ཕྱི་ཟླ་གསུམ་པ་བར་དུ་གོང་གསལ་ཟུར་གསོག་སློབ་ཁག་ལ་སློབ་ཕྲུག་ཁྱོན་༣༥༧༦ བྱུང་འདུག ཟུར་གསོག་སློབ་གྲྭའི་སློབ་ཕྲུག་ཚོར་རྒྱ་གར་གཞུང་གིས་བཟའ་བཅའ་ཕྲན་བུ་དང་དབུས་ངལ་སེལ་ཚོགས་པས་སྐབས་སྐབས་སུ་སྨན་དང་གྱོན་གོས་ཀྱི་མཐུན་རྐྱེན་གནང་བ་ལས་དེ་མིན་གྱི་འགྲོ་སོང་ཕལ་མོ་ཆེ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐབས་འཚོལ་དང་ནར་གཏོང་ཞུས། དེ་རྗེས་ཐོག་མར་ཀང་རའི་ཟུར་གསོག་སློབ་ཕྲུག་རྣམས་ལ་ཚ་བ་དང་བཟའ་བཅའ་འོར་འདྲེན་སོགས་ཀྱི་དཀའ་ངལ་འཕྲད་པར་བརྟེན་ ༡༩༦༤།༦༥ ཙམ་ནས་རིམ་པས་དྷ་ས་སྟེང་ཤོད་གཉིས་ཀྱི་ཟུར་གསོག་སློབ་གྲྭར་ཟླ་བསྒྲིལ་བཏང༌། ༡༩༦༦།༦༧ ནས་གཅིག་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ཏུ་སློབ་ཕྲུག་སློབ་འཇུག་གི་སྒྲིག་གཞི་ཕྲན་བུ་ལྷོད་དུ་བཏང་ནས་སློབ་འཇུག་གྲངས་འབོར་སྤར་བ་དང༌། གཉིས་ནས་རྒྱ་གར་ནང་གསར་དུ་སྐྱེས་པའི་བོད་ཕྲུག་རྣམས་ཕ་མ་སྐྱབས་བཅོལ་བ་ཡིན་ཡང༌། སློབ་འཇུག་གི་སྡེ་ཚན་འདིའི་ཁོངས་སུ་ཚུད་ཀྱི་མེད་པར་བརྟེན། ཟུར་གསོག་སློབ་གྲྭའི་སློབ་ཕྲུག་མང་པོ་གཏན་སློབ་ཁག་ནང་ཚུད་ཐུབ་པ་བྱུང༌། རྒྱུ་མཚན་དེ་འདྲའི་དབང་གིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་ཟུར་གསོག་སློབ་གྲྭ་རྣམས་རིམ་པས་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན། ཕྱི་ལོ་༡༩༦༧ ཟླ་ ༣ པར་ཤེས་རིག་ལས་ཁུངས་ཀྱིས་ཟུར་གསོག་སློབ་ཁག་ལ་སློབ་ཕྲུག་བསྡུ་རྒྱུ་དངོས་སུ་མཚམས་བཞག དེ་ནས་དྷ་སྟེང་ཟུར་གསོག་གི་བུ་མོ་ཡོད་དོ་ཅོག་ལ་སུད་སི་བོད་དོན་ཚོགས་པས་རོགས་རམ་གནང་སྟེ་རྒྱ་གར་ཌས་ཌུན་སློབ་གྲྭར་བཅུག་རྗེས་བུ་རྣམས་དྷ་ཤོད་ཟུར་གསོག་དང་ཟླ་བསྒྲིལ་གྱིས་ཕྱི་ལོ་༡༩༦༨ ལོར་དྷ་སྟེང་ཟུར་གསོག་སློབ་གྲྭ་ཐོག་མར་སྒོ་བརྒྱབས། དེ་ནས་དྷ་ཤོད་ཟུར་གསོག་སློབ་གྲྭའི་སློབ་ཕྲུག་ལྷག་བསྡད་ ༦༥༠ ཕལ་མོ་ཆེ་གཏན་སློབ་ཁག་ནང་འཇུག་བཞེས་གནང་འཕྲོས་གཞན་རྣམས་རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭར་བཏང་སྟེ་དྷ་ཤོད་ཟུར་གསོག་སློབ་གྲྭ་ཡང་ ༡༩༦༨ ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་བརྒྱབས།


༤༽   བོད་ཡིག་སློབ་དེབ་རྩོམ་སྒྲིག

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་མ་ཐག་ཏུ་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཛ་དྲག་ཆེ་ཤོས་དང་གལ་འགངས་ཆེ་ཤོས་སུ་དགོངས་བཞེས་ཀྱིས་སློབ་གྲྭ་གསར་འཛུགས་གནང་གཏན་འཁེལ་བའི་ཆ་ཤས་སུ། སློབ་གྲྭའི་སློབ་རིམ་དང་འཚམས་པར་སློབ་དེབ་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དང་འབྲེལ་བའི་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་ལེགས་ཀྱི་བཀའ་སློབ་ཕེབས་པ་ལྟར། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༡༢ ནང་ལྷན་ཚོགས་ཤིག་ཆེད་དུ་བསྡུ་སྐོང་གནང་ཞིང༌། ལྷན་ཚོགས་དེའི་ནང་བཀའ་ཤག་རྙིང་པའི་བཀའ་བློན་རྣམ་པ་དང༌། མ་སུ་རི་བོད་གཞུང་སློབ་གྲྭའི་སློབ་སྤྱི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཁོངས་ཀྱི་མཁས་པ་པད་བཀོད་བདུད་འཇོམས་སྤྲུལ་སྐུ་དང༌། དགའ་ཤར་ཛེ་སྨད་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། གསར་འགྱུར་མེ་ལོང་གསར་ཤོག་གི་རྩོམ་སྒྲིག་པ་ཁུ་ནུ་བ་མཐར་ཕྱིན་བྷ་བྷུ། ལྷ་ལུང་བློ་བཟང་ཕུན་ཚོགས་བཅས་མཉམ་ཞུགས་གནང་ཡོད། ལྷན་ཚོགས་དེའི་ཐོག་གོ་བསྡུར་གནང་མཐར་གཤམ་གསལ་དོན་ཆེན་བཞི་འཆར་འབུལ་ཞུས་པར་ྋགོང་ས་མཆོག་ནས་བཀའ་བཅོས་ཕྲན་བུ་དང་བཅས་ལག་བསྟར་བྱ་འཐུས་ཀྱི་ཕྱག་རྟགས་སྩལ། དོན་ཆེན་བཞི་ནི།
༡༽    བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྐབས། དེང་དུས་དང་འཚམས་པའི་ཐབས་ལམ་གསར་པ་དང་ཟུང་འབྲེལ་གྱིས་སློབ་ཁྲིད་བྱ་རྒྱུ།
༢༽    བོད་ཡིག་སློབ་དེབ་ནང་བོད་ཀྱི་ནང་ཆོས་དང༌། རྒྱལ་རབས་ལོ་རྒྱུས། སྙན་ངག་སོགས་ཀྱང་ངེས་པར་ཚུད་པ་བྱ་དགོས་ཤིང༌། སློབ་ཚན་དེ་དག་འཛིན་རིམ་དང་པོ་ནས་ངོ་སྤྲོད་ཀྱིས་རིམ་པས་འཛིན་རིམ་མཐོ་སར་སླེབས་སྐབས་གོ་བ་གཏིང་ཚུགས་ཐུབ་པ་བྱ་རྒྱུ།
༣༽    འཛིན་རིམ་བདུན་པ་མན་དུ་འཛིན་རིམ་རེར་བོད་ཡིག་སློབ་དེབ་གཅིག་གིས་འཐུས་པ་བྱ་རྒྱུ་དང༌། སློབ་དེབ་དེའི་ནང་གོང་དུ་བཤད་པའི་སློབ་ཚན་ཚང་མ་ཚུད་པ་བྱ་རྒྱུ། འཛིན་རིམ་བརྒྱད་པ་ནས་རྒྱལ་རབས་དང་ནང་ཆོས་སོགས་སློབ་ཚན་རེར་སློབ་དེབ་རེ་ལོགས་སུ་རྩོམ་སྒྲིག་བྱ་རྒྱུ།
༤༽    སློབ་དེབ་རྩོམ་སྒྲིག་བྱེད་པོའི་ཚོགས་ཆུང་གསར་འཛུགས་བྱ་རྒྱུ་བཅས་ཀྱི་ཐག་གཅོད་བྱུང༌།
སློབ་གྲྭ་གསར་འཛུགས་ཟིན་འཕྲལ་སློབ་དེབ་སྤུས་ལེགས་ལམ་སེང་རྩོམ་སྒྲིག་ཐུབ་ཐབས་མེད་སྟབས་བོད་དགེ་རྨ་བྱ་བ་ཚེ་དབང་འགྱུར་མེད་དང་ཨ་རི་བ་སྐུ་ཞབས་ཀྲིམ་གཉིས་ཀྱིས་སློབ་དེབ་སྟབས་བདེ་ཞིག་རྩོམ་སྒྲིག་བྱས་པ་བེད་སྤྱོད་ཐོག དགེ་རྒན་སོ་སོས་ཀྱང་རང་སྟོབས་ཀྱི་སྒོ་ནས་སློབ་ཕྲུག་གི་གནས་ཚད་དང་འཚམས་པར་སློབ་ཁྲིད་གནང༌།
དེ་ནས་གོང་གསལ་ཐག་གཅོད་ལག་བསྟར་ཆེད་དགའ་ཤར་ཛེ་སྨད་སྤྲུལ་སྐུ་དང༌། པད་བཀོད་བདུད་འཇོམས་སྤྲུལ་སྐུ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་༢༩བཅས་ལས་གྲུབ་པའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་སྟེ་ཕྱི་ལོ་༡༩༦༠ ལོ་འགོ་ནས་ཕྱག་ལས་གནང་འགོ་བཙུགས། ཚོགས་ཆུང་འདིས་གོང་གསལ་རྩ་འཛིན་དོན་ཚན་ཁག་དང་ྋགོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ཀྱི་ལམ་སྟོན་བཀའ་སློབ། དེ་བཞིན་ཕྱི་ནང་རྒྱུས་ཅན་མི་སྣར་གོ་བསྡུར་གནང་སྟེ་ཕྱི་ལོ་༡༩༦༡ ལོའི་ཟླ་བ་༡༡ ཚེས་ ༢༠ ལ་སླེབས་སྐབས་སྔོན་འགྲོའི་འཛིན་གྲྭ་ཁག་གསུམ་དང་དངོས་གཞིའི་འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་ཆ་ཚང་རྩོམ་སྒྲིག་དང་ཞུ་བཅོས་ཟིན་པར་ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་དེང་དུས་གསར་ལུགས་དང་མཐུན་པའི་ལེགས་ཆ་གོང་མཐོར་སྤེལ་བའི་སྣོན་འཕྲི་ལེགས་པར་གནང་སྟེ་༣༠དངོས་སུ་པར་སྐྲུན་བྱེད་འགོ་བཙུགས། དེ་ནས་འགྲོ་གྲོན་ལ་དགོངས་ཏེ་རྒྱ་གར་དབུས་བོད་སློབ་ཚོགས་པར་དེང་གི་བོད་སློབ་འཛིན་ཚོགས་རེ་སྐུལ་གནང་འབྲས་བོད་སློབ་འཛིན་སྐྱོང་ཚོགས་པས་པར་སྐྲུན་གནང་རྒྱུའི་ཞལ་བཞེས་ཐོབ་ཀྱང༌། དབུས་བོད་སློབ་ཚོགས་པ་དེས་སློབ་དེབ་ཚོགས་ཆུང་ཟུར་བསྐོས་ཀྱིས་ཡང་བསྐྱར་ཞུ་དག་གནང་འཆར་དུས་འགོར་ཆེ་ཐོག སློབ་དེབ་སོ་སོའི་མཇུག་ཏུ་དབུས་བོད་སློབ་ཚོགས་པས་འགན་ལེན་གསར་སྒྲིག་བྱས་ཞེས་པའི་བརྗོད་བྱ་འགོད་པ་མ་གཏོགས་བོད་གཞུང་གི་མིང་རྩ་བ་ནས་འགོད་འཆར་མེད་པར་བརྟེན་ཕུགས་སྐྱོན་ཆེ་བར་དགོངས་ནས་འགྲོ་གྲོན་གཙོ་བོ་བོད་གཞུང་རང་གིས་ནར་གཏོང་གནང་སྟེ་པར་སྐྲུན་གནང༌།
སློབ་དེབ་རྣམས་བོད་ཡིག་ཡིན་སྟབས་རྒྱ་གར་པར་ཁང་དུ་པར་སྐྲུན་བྱེད་རྒྱུ་སྐབས་དེའི་མཐུན་རྐྱེན་དང་འཕྲུལ་ལས་ལག་རྩལ་ད་ལྟ་བཞིན་སྟབས་བདེ་མེད་སྟབས་དཀའ་ངལ་ཤིན་ཏུ་ཆེ་བར་བརྟེན། ལྡི་ལི་ཁུལ་དུ་པར་སྐྲུན་ལག་རྩལ་སློབ་སྦྱོང་དུ་ལས་བྱེད་ཆེད་གཏོང་གནང་བ་ཕྱིར་འཁོར་བྱུང་རྗེས་༡༩༦༡ ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་ཤེས་རིག་པར་ཁང་གསར་འཛུགས་གནང་ཞིང༌། དེའི་ལོ་རྒྱུས་ཞིབ་པ་ཟུར་དུ་གསལ་བས་དེར་གཟིགས།
དེ་རྗེས་ཀྱི་སློབ་དེབ་རྣམས་རྩོམ་སྒྲིག་བྱེད་པོར་སྔར་ལམ་ལྟར་ཆོས་ལུགས་ཁག་གི་བླ་སྤྲུལ་མཁས་དབང་བསྡུ་འགུག་མཛད་ཚེ་ཕོགས་ཐོབ་དང་གཞུང་གྲོན། བཞུགས་གནས། འགོར་ཡུན་བཅས་གང་ཐད་ནས་ཚང་མར་སྐུ་ངལ་ཅི་ཆེ་ཡོང་རྒྱུར་བརྟེན་སྔ་འཕྲོས་ཟིན་བྲིས་ཕྱོགས་སྒྲིག་མཛད་གཙོར་ཛེ་སྨད་རིན་པོ་ཆེ་དང༌། ཕྱག་རོགས་སུ་ཆོས་ལུགས་ཁག་ནས་ཆོས་དོན་ལས་རོགས་སུ་ཡོད་མུས་རྙིང་འཐུས་སྡེ་དགེ་དཔལ་ཡུལ་འཇམ་དཔལ་བློ་གྲོས་དང༌། བཀའ་བརྒྱུད་འཐུས་མི་ཨཱཿཁྲོ་གཞན་ཕན་ཆོས་ཀྱི་ཟླ་བ། ས་སྐྱའི་འཐུས་མི་རྩེད་གཞིས་ཚེ་དབང་རྟ་མགྲིན་བཅས་ལ་བསྐོ་བཞག་མཛད། གོང་གསལ་ཆོས་དོན་ལས་རོགས་རྣམས་ལས་བྲེལ་དབང་གིས་རྟག་བཅར་མི་ཐུབ་པར་བརྟེན་ཛེ་སྨད་རིན་པོ་ཆེའི་ཕྱག་རོགས་སུ་བྲག་གཡབ་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་མཚན་ཞབས་གསེར་ཀོང་ཐུགས་སྲས་བཅས་སུ་བསྐོ་བཞག་གནང་༣༡བ་ལྟར་ཕྱི་ལོ་༡༩༦༡ ལོའི་ལོ་མཇུག་ནས་ཕྱག་ལས་འགོ་འཛུགས་ཀྱིས་འཛིན་གྲྭ་དྲུག་པ་ནས་བཅུ་གཅིག་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་དང་སྔོན་དུ་བརྩམས་ཟིན་པའི་གཞི་རིམ་འོག་མའི་སློབ་དེབ་རྣམས་ལ་བསྐྱར་ཞིབ་གནང་ཡང༌། ཕྱིས་སུ་ཛེ་སྨད་རིན་པོ་ཆེར་དགེ་རྒན་འོས་སྦྱོང་གི་འགན་འཛིན་སོགས་ཕྱག་ལས་གནད་ཆེ་མང་པོ་འགན་བསྐུར་གནང་བར་བརྟེན། སློབ་དེབ་འཕྲོ་སྐྱོང་བྱེད་པོར་ཤེས་རིག་རྩོམ་སྒྱུར་ལྷན་ཚོགས་ཁོངས་སུ་རྙིང་འཐུས་དཔལ་ཡུལ་སྤྲུལ་སྐུ་འཇམ་དཔལ་བློ་གྲོས་དང༌། ཆོས་དོན་དྲུང་ཆེ་བཅོ་བརྒྱད་ཁྲི་ཆེན་ཐུབ་བསྟན་ལེགས་བཤད། ཁམས་སྤྲུལ་དོན་བརྒྱུད་ཉི་མ། སིམ་ལའི་ཆོས་དགེ་སེར་སྨད་དགེ་བཤེས་བློ་བཟང་མཐར་ཕྱིན་བཅས་མི་བཞི་ཡོད་པའི་རྩོམ་སྒྲིག་ཚོགས་ཆུང་བསྐོ་བཞག་གནང༌། ཚོགས་ཆུང་དེས་ཕྱི་ལོ་༡༩༦༤ ཟླ་བ་ ༧ ཚེས་ ༤ ནས་ཕྱག་ལས་འགོ་འཛུགས་གནང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་བསྐོར་སྙན་ཞུ་དང༌། འབྲེལ་ཡོད་སློབ་དགེ་ཚོའི་དགོངས་འཆར་དང་ཉམས་མྱོང་བསྡུ་ལེན་ཐོག་སྐབས་དང་པོའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་མཁས་པ་རྣམས་ཚུད་པའི་མཁས་པ་མང་པོར་གོ་བསྡུར་གྱིས་ཞུ་བཅོས་འཕྲི་སྣོན་གང་འོས་གནང་སྟེ་ལོ་དེ་རང་ནས་འགོ་འཛུགས་ཀྱིས་རིམ་པས་པར་སྐྲུན་གནང༌།
དེ་རྗེས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་མཐོ་མཐའ་བཅུ་གཅིག་ནས་བཅུ་གཉིས་སུ་བསྒྱུར་བར་བརྟེན། སྔོན་ཡོད་སློབ་ཚན་ཐོག་རིག་གནས་སྐོར་གསར་བསྣན་གྱིས་ཕྱི་ལོ་༡༩༧༠ ལོར་པར་སྐྲུན་གནང༌།
ཕྱི་ལོ་༡༩༧༢ ལོར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་ཀྱི་འབྲུ་དོན་ལྟར་དེ་སྔ་རྩོམ་སྒྲིག་བྱས་པའི་འཛིན་རིམ་དང་པོ་ནས་དགུ་པ་བར་གྱི་སློབ་དེབ་ཁག་དུས་ཡུན་གང་ཙམ་སོང་སྟབས་བསྐྱར་ཞིབ་དགོས་གལ་གཟིགས་ཏེ་སིམ་ལ་གཏན་སློབ་ཀྱི་སློབ་དགེ་བྱམས་པ་ཆོས་གྲགས་ཀྱི་གཙོ་འགན་འོག དབུས་གཙང་སྤྱི་འཐུས་རི་ཁ་བློ་བཟང་བསྟན་འཛིན་དང༌། རིགས་སློབ་དབུ་དགེ་དགེ་བཤེས་བློ་བཟང་རྒྱ་མཚོ། བོད་ཁྱིམ་ཆོས་དགེ་ཡེ་ཤེས་རྣམ་རྒྱལ་བཅས་ལས་གྲུབ་པའི་ཚོགས་ཆུང་བསྐོ་འཛུགས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་དགུ་པ་བར་གྱི་སློབ་དེབ་ལ་རིམ་པས་བསྐྱར་ཞིབ་ཀྱིས་པར་སྐྲུན་གནང༌།
༡༩༨༨ ལོར་ཡང་བསྐྱར་དུས་བསྟུན་བསྐྱར་ཞིབ་དགོས་གལ་གཟིགས་ཏེ་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཛིན་དང་སྐུ་སྒེར་ཡིག་ཚང་གི་དྲུང་གཞོན་རྒྱལ་མཚན་བྱམས་པ། བོད་ཕྲུག་ཁྱིམ་སྡེའི་བོད་དགེ་པདྨ་རྡོ་རྗེ། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སློབ་གྲྭའི་བོད་དགེ་ངག་དབང་ཆོས་གྲགས། ཤེས་རིག་རྩོམ་སྒྲིག་ལས་བྱེད་ཀརྨ་སྨོན་ལམ་བཅས་ལས་གྲུབ་པའི་ལམ་སྟོན་ཚོགས་ཆུང་བསྐོ་བཞག་དང༌། སློབ་དེབ་བསྐྱར་ཞིབ་དང་རྩོམ་སྒྲིག་གི་འགན་ཁུར་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་གནང་སྟེ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་ལ་བསྐྱར་ཞིབ་གནང་ཟིན་པར་ལམ་སྟོན་ཚོགས་ཆུང་གིས་བསྐྱར་ཞིབ་དང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང༌།
༡༩༩༣ ལོར་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང༌། སྐུ་སྒེར་དྲུང་ཆེ་རྟ་ར་བ་བསྟན་འཛིན་ཆོས་ཉིད། བཀའ་ཟུར་དབང་འདུས་རྡོ་རྗེ། ཐོན་ཟུར་བློ་བཟང་བསྟན་འཛིན་སོགས་ལས་གྲུབ་པའི་སློབ་སྟོན་ཚོགས་ཆུང་དང༌། རྩོམ་སྒྲིག་འགན་ཁུར་བ་རི་ཁ་བློ་བཟང་བསྟན་འཛིན་དང༌། རྨང་གཞིའི་རྩོམ་སྒྲིག་ལས་བྱར་འཕགས་མོ་ཚེ་རིང་དང༌། གདུགས་དཀར་འབུམ། མགོན་པོ་ཚེ་རིང༌། བཀྲ་ཤིས་དོན་གྲུབ་བཅས་བསྐོ་བཞག་གནང་བ་ལྟར། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་དེབ་ལ་བསྐྱར་ཞིབ་ཀྱིས་སྐད་ཡིག་དང་རྒྱལ་རབས་སློབ་དེབ་གསར་སྒྲིག་དང༌། རིགས་ལམ་དང་ནང་ཆོས། ཆོས་འབྱུང་བཅས་ལ་སྣོན་འཕྲི་ཕྲན་བུ་བཅས་བྱས་ཏེ་ ༡༩༩༣ ལོར་ཚོད་བལྟའི་ངོ་བོར་འགྲེམས་སྤེལ་དང༌། ༡༩༩༤ ལོར་གཏན་འབེབས་དང་སྦྲགས་གོང་གསལ་འཛིན་རིམ་རྣམས་ལ་སློབ་ཁྲིད་ཀྱི་དཔྱད་གཞིའི་དགེ་རྒན་ལག་དེབ་རེ་རྩོམ་སྒྲིག་གནང༌།
༡༩༩༦ ལོར་བཀའ་ཤག་གིས་སྔོན་འགྲོ་ནས་སློབ་རིམ་ཚང་མའི་བོད་ཡིག་སློབ་དེབ་ཡོངས་རྫོགས་རིམ་པས་བསྐྱར་ཞིབ་གནང་རྒྱུ་གཏན་འཁེལ་གྱིས་ཚོགས་གཙོར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། བཀའ་བློན་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར། ཤེས་རིག་རྩོམ་སྒྲིག་འགན་འཛིན་ལས་རོགས་ཀརྨ་སྨོན་ལམ། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། ནོར་གླིང་མཐོ་སློབ་སློབ་སྤྱི་ཨ་ཙཱརྱ་བློ་བཟང་རྒྱལ་མཚན། བོད་སློབ་འཛིན་ཚོགས་སློབ་གྲྭའི་བོད་དགེ་ཚེ་བརྟན་བཀྲ་ཤིས་དང་ཟླ་བ་བཀྲ་ཤིས་ཕྱིས་སུ་ཨ་ཙཱརྱ་བློ་བཟང་རྒྱལ་མཚན་བོད་དུ་ཕེབས་པ་དང་ཨ་ལགས་ཙ་ཡུས་དགོངས་པ་རྫོགས་པར་བརྟེན། ཕྱི་ལོ་༡༩༩༩ ལོར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པདྨ་རྡོ་རྗེ་དང་བོད་སློབ་འཛིན་ཚོགས་སློབ་གྲྭའི་བོད་དགེ་ངག་དབང་ཆོས་གྲགས། བོད་དགེ་ཕུན་ཚོགས་ཚེ་རིང་བཅས་ལ་ཚོགས་མི་ཁ་སྣོན་དུ་བསྐོ་བཞག་བྱས།བཅས་ཡོད་པའི་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་བསྐོ་བཞག་གནང་བ་ལྟར། ཚོགས་ཆུང་གིས་ལས་རིམ་བསྒྲིགས་རྗེས་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་རྐང་འགན་བླངས་ཏེ་བཙན་བྱོལ་སློབ་གྲྭ་ཁག་གི་བོད་དགེ་དང་སློབ་ཕྲུག མཁས་དབང་བཅས་ཀྱི་བསམ་ཤོག་བསྡུ་རུབ་གནང་མཇུག་འཛིན་རིམ་དང་པོ་དང་གཉིས་པའི་སློབ་དེབ་ལ་བསྐྱར་ཞིབ་གནང་སྟེ་ཕྱི་ལོ་༡༩༩༨ ནས་༢༠༠༠ བར་གྱི་དུས་ཡུན་ནང་པར་འགྲེམས་གནང༌། དེ་རྗེས་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སློབ་དེབ་དགུ་ལ་བསྐྱར་ཞིབ་གནང་སྟེ་གཙོ་བོ་སྐད་ཡིག་སློབ་ཚན་མང་དུ་བཏང་སྟེ་སྐད་ཡིག་གི་གནས་ཚད་གཏིང་ཚུགས་པ་བྱུང་ན་རྒྱལ་རབས་ཆོས་འབྱུང་སོགས་ཤེས་བདེ་བའི་དགོངས་འཆར་བྱུང་བ་གཞི་བཟུང་སྔར་གྱི་རྒྱལ་རབས་ཆོས་འབྱུང་དང༌། རིགས་ལམ་ནང་ཆོས་ཀྱི་སློབ་དེབ་གཉིས་ཡོད་པ་གཅིག་ཏུ་བསྒྲིགས་ཏེ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་ཀྱིས་པར་སྐྲུན་གནང༌། དེ་ནས་བཟུང་ཡིག་རྒྱུགས་སྐབས་སུའང་སྐད་ཡིག་ལ་བརྒྱ་ཆ་ ༦༠ བཞག་ཡོད། གོང་གསལ་རྣམས་ནི་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ཆོས་འབྱུང༌། རིགས་ལམ་ནང་ཆོས་བཅས་གཙོ་བོ་སྲོལ་རྒྱུན་གྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་སློབ་དེབ་སྐོར་ཡིན།
དེང་རབས་ཚན་རིག་སོགས་ཀྱི་སློབ་ཚན་ཡོངས་རྫོགས་རིམ་པས་བོད་སྐད་དུ་ཕབ་སྒྱུར་བྱ་དགོས་སྐོར་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་མ་ཐག་ནས་བཀའ་སློབ་ལམ་སྟོན་རིམ་ཅན་དུ་ཕེབས་པ་ལྟར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་གསར་འཛུགས་ཀྱིས་ཕྱག་ལས་འགོ་འཛུགས་གནང་ཡང༌། མི་རིང་བར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་ཁོངས་སུ་ཟླ་བསྒྲིལ་གནང་སྟེ་སློབ་ཚན་བསྒྱུར་རྒྱུའི་འཆར་གཞི་རྣམས་འཇའ་ཡལ་བ་ལྟར་གྱུར། ཕྱི་ལོ་༡༩༧༩ ལོར་ཤེས་རིག་ལས་ཁུངས་སུ་ཚན་རིག་གི་ཐ་སྙད་གཙོ་གྱུར་ཕྱིའི་མིང་ཚིག་བོད་སྐད་དང་ཤན་སྦྱར་གྱི་ཚིག་མཛོད་གསར་བསྒྲིགས་ཀྱི་ལས་འགོ་བརྩམས་ཤིང༌། ༡༩༨༥ ལོར་ཤེས་རིག་ཚོགས་ཆེན་ཐོག་ྋགོང་ས་མཆོག་ནས་བཀའ་སློབ་ནན་ཕེབས་ལྟར་ཤེས་རིག་གིས་ཁྱབ་ཁོངས་སློབ་དགེ་ཁག་ཅིག་ལ་ཚན་རིག་སོགས་ཀྱི་སློབ་ཚན་བོད་སྒྱུར་གནང་རྒྱུའི་འགན་དཀྲི་གནང་བ་དང་དུས་མཚུངས་དྷ་ས་བོད་ཁྱིམ་ནས་ཀྱང་ཕབ་སྒྱུར་གནང་འགོ་བཙུགས་པར་བརྟེན། ལས་དོན་ཉིས་ཟློས་མི་དགོས་པའི་ཆེད་དུ་ཤེས་རིག་ནས་གནང་མུས་རྣམས་བོད་ཁྱིམ་དང་ཟླ་བསྒྲིལ་གྱིས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་ཤེས་རབ་རྒྱ་མཚོ་དང་དགའ་གཞོན་པདྨ་ཚེ་རིང༌། པདྨ་རྡོ་རྗེ། ངག་དབང༌། ཕུན་རབ་ཆོས་བཟང༌། ངག་དབང་རྡོ་རྗེ། ཚེ་རིང་བཀྲ་ཤིས། ཚེ་དབང་རྡོ་རྗེ། འཇམ་དཔལ་ཕུན་ཚོགས། ལྷ་དབང་དངོས་གྲུབ། གནམ་ལྷ་བཅས་ཀྱིས་ཚན་རིག་དང་སྤྱི་ཚོགས་རིག་གནས་ཀྱི་སློབ་དེབ་འཛིན་གྲྭ་ལྔ་པ་བར་ཕབ་སྒྱུར་གནང་བར་ཤེས་རིག་ལས་ཁུངས་ཀྱིས་ཆེད་འཛུགས་བསྐྱར་ཞིབ་ཚོགས་ཆུང་གིས་ཞུ་དག་དང་བསྐྱར་ཞིབ་གནང་སྟེ་བོད་ཁྱིམ་ནས་པར་སྐྲུན་བྱས།
དེ་བཞིན་ཨང་རྩིས་སློབ་དེབ་འཛིན་གྲྭ་དང་པོ་དང་གཉིས་པ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱིས་ཕབ་སྒྱུར་དང་པར་སྐྲུན་གནང་ཡོད་ཀྱང་འཛིན་གྲྭ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་ཨང་རྩིས་སློབ་དེབ་མ་བསྒྱུར་བར་ནར་ལུས་སོང་ཞིང༌། ཤེས་རིག་ནས་ཕྱི་ལོ་༡༩༩༦ ལོར་བོད་ཁྱིམ་ལ་མུ་མཐུད་བསྒྱུར་རོགས་ཞེས་རེ་སྐུལ་ཞུས་ཀྱང་ཞལ་བཞེས་མ་བྱུང་བར་བརྟེན། ཤེས་རིག་དང་བོད་ཁྱིམ་གྱི་གྲོས་ཆོད་གཞི་བཟུང་ཤེས་རིག་ལས་ཁུངས་ཀྱིས་༡༩༩༧ ལོར་ཤེས་རིག་ལས་བྱེད་བཀྲ་ཤིས་དོན་གྲུབ་དང་དྷ་ཤོད་བོད་ཁྱིམ་གྱི་རྩིས་དགེ་ངག་དབང་རྡོ་རྗེ། སིམ་ལ་གཏན་སློབ་ཀྱི་ཨང་རྩིས་དགེ་རྒན་པདྨ་རྒྱལ་མཚན། སྦིར་བོད་དགེ་སྐལ་བཟང་དགྲ་འདུལ་བཅས་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་འཛིན་གྲྭ་གསུམ་པ་ནས་ལྔ་པ་བར་གྱི་ཨང་རྩིས་སློབ་དེབ་ཆ་ཚང་རྩོམ་སྒྱུར་དང་གཏན་འབེབས་བྱས། དེ་རྗེས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་ཀྱང་དེ་བཞིན་ལོགས་སུ་ཨང་རྩིས་སློབ་དེབ་རྩོམ་སྒྱུར་དང་པར་སྐྲུན་གནང་ཡོད།
ཕྱི་ལོ་༢༠༠༢ ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་བཀྲ་ཤིས་དོན་འགྲུབ་ཀྱི་འགན་ཁུར་འོག་སྔོན་ཡོད་ཨང་རྩིས་སློབ་དེབ་ཡོངས་ལ་བསྐྱར་ཞིབ་དང་སིམ་ལ་གཏན་སློབ་ཀྱི་དགེ་རྒན་པདྨ་རྒྱལ་མཚན་གྱིས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཨང་རྩིས་སློབ་དེབ་བོད་སྐད་དུ་ཕབ་སྒྱུར་བྱས་ཤིང༌། ༢༠༠༦ ལོར་ཤེས་རིག་གི་ལས་གཞིའི་འོག་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་འཛིན་གྲྭ་དྲུག་པའི་ཚན་རིག་སློབ་དེབ་བོད་སྒྱུར་གནང་བ་དང༌། ཕྱི་ལོ་༢༠༠༧ ལོར་ཤེས་རིག་ལས་བྱེད་ཆུང་ཚེ་རིང་དང་དཔལ་ལྡན་རྡོ་རྗེས་འཛིན་གྲྭ་བདུན་པ་དང་བརྒྱད་པའི་ཚན་རིག་སློབ་དེབ་བོད་སྐད་དུ་ཕབ་སྒྱུར་དང་པར་སྐྲུན་བྱས་ཡོད།།


༥༽   དགེ་རྒན་འོས་སྦྱོང༌།

གཏན་ཉིན་སློབ་གྲྭ་ཁག་གི་དབྱིན་ཧིན་དང་ཚན་རིག་སོགས་ཀྱི་དགེ་རྒན་ནི་ཐོག་མར་རྒྱ་གར་བ་སོགས་ཕྱི་མི་ཐབས་འཚོལ་གྱིས་གནང་བ་དང་ཆབས་ཅིག་བོད་ཕྲུག་ཤེས་ཚད་གང་ཙམ་ཡོད་པ་མང་པོར་དགེ་འོས་སློབ་ཡོན་གནང་སྟེ་རྒྱ་གར་ནང་ཡོད་པའི་འོས་སྦྱོང་ཁང་ཁག་ཏུ་སློབ་གཉེར་དུ་བཏང་སྟེ་དགོས་མཁོ་སྐོང་ཐབས་གནང༌། བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་དགེ་རྒན་ཐད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༡༩༦༣ ཟླ་ ༧ ཚེས་ ༨ ཉིན་པན་ཇབ་རྫོང་ཁོངས་ཀང་ར་ཕྱིས་སུ་དྷ་ཤོད་དུ་སྤོས་འདུགཞེས་པར་གནས་ཚད་ལྡང་ངེས་ཡོད་པའི་ཆོས་ལུགས་རིས་མེད་ཀྱི་གྲྭ་གྲངས་༣༠ ལ་ལོ་གཅིག་དང་ཟླ་བ་དྲུག་རིང་དགེ་རྒན་འོས་སྦྱོང་སྤྲད་ཅིང༌། འགོ་འཛིན་ཛེ་སྨད་རིན་པོ་ཆེ་མཆོག་དང༌། དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་སློབ་མཁན་དུ་ཁེ་ན་ཌའི་ལྕམ་འཇུ་ཌི་ལགས་བསྐོ་བཞག་བྱས། དེ་ཡང་ཞོགས་པ་ཆུ་ཚོད་ ༨ ནས་དགོང་དྲོ་ ༡༠།༣༠ བར་འོས་སྦྱོང་ཚུགས་ཤིང༌། འོས་སྦྱོང་གི་མཇུག་ཏུ་ཉེ་འཁོར་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་ཁྲིད་སྦྱོང་བརྡར་བྱེད་པར་བཏང་ནས་ཡིག་རྒྱུགས་དང་ངག་རྒྱུགས། སློབ་ཁྲིད་ལག་ལེན་བཅས་ཀྱི་རྒྱུགས་ལེན་བྱས་ཏེ་སློབ་གྲྭ་ཁག་ཏུ་བསྐོ་གཏོང་བྱས། ༡༩༦༥ ཟླ་ ༤ ཚེས་ ༨ ནས་བཟུང་ཡང་བསྐྱར་བཙུན་མ་གཉིས་ཚུད་པའི་ཆོས་ལུགས་རིས་མེད་ཀྱི་མི་གྲངས་ ༢༦ གྲངས་ ༢༥ གསལ་བའང་འདུག་ལ་སྐབས་གཉིས་པའི་དགེ་རྒན་འོས་སྦྱོང་གོང་གསལ་དང་མཚུངས་པ་སྤྲད། ཡིག་རྒྱུགས་ཁག་ལ་རྟོག་ཞིབ་གནང་མཁན་དུ་ྋགོང་ས་མཆོག་གི་ཕྱག་རྟགས་དགོངས་དོན་ཆོས་དོན་སྐུ་ཚབ་བཀའ་བློན་ཕྱག་རོགས་མཚན་ཞབས་གསེར་ཀོང་རིན་པོ་ཆེ་མཆོག་དང༌། ཤེས་རིག་སྐུ་ཚབ་བཀའ་བློན་ཕྱག་རོགས་བར་ཞི་བ། དགེ་འོས་སློབ་སྤྱི་ཛེ་སྨད་རིན་པོ་ཆེ་བཅས་ནས་གནང༌། དགེ་རྒན་འོས་སྦྱོང་འདི་མཇུག་སྒྲིལ་རྗེས་གནས་སྐབས་འོས་སྦྱོང་གོ་སྒྲིག་གནང་མཚམས་བཞག དེ་རྗེས་ཝཱ་ཎ་མཐོ་སློབ་དང་ས་རཱ་མཐོ་སློབ། བོད་ཁྱིམ་བཅས་སུ་རིགས་མི་འདྲ་བའི་དགེ་རྒན་འོས་སྦྱོང་སྣ་མང་གོ་སྒྲིག་བྱས་ཡོད་པ་རྣམས་ལོ་དུས་སོ་སོའི་གནས་ཚུལ་ལ་གཟིགས་ན་རོབ་ཙམ་མཁྱེན་རྟོགས་ཐུབ་ངེས།།

༦༽   ཤེས་རིག་ཟློས་གར།

ཕྱི་ལོ་༡༩༥༩ ཕྱི་ཟླ་༨ ཚེས་ ༡༡ ཉིན་ཀ་སྦུག་ཏུ་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་ཟིན་པ་དེས་མ་སུ་རིར་ཆེད་བཅར་གྱིས་ྋགོང་ས་མཆོག་ལ་གཟིགས་ཕུད་ཕུལ་བར། ཐུགས་དགྱེས་མཉེས་ཆེན་པོས་ཟློས་གར་ཚོགས་པ་འདི་བཞིན་ཚགས་ཚུད་རྒྱུན་གནས་ཆེད། གཏན་འཇགས་གནས་ཡུལ་བཞུགས་སྒར་དྷ་རམ་ས་ལར་སྤོ་དགོས་བཀའ་ཕེབས་པ་ལྟར། འཛིན་སྐྱོང་འགན་འཛིན་དང༌། གར་རོལ་དགེ་རྒན། འཁྲབ་སྦྱོང་དགེ་རྒན་འཁྲབ་སྟོན་པ་བཅས་ཁྱོན་ཕོ་མོ་༢༦ བཅར་བའི་ཐོག ཁ་སྣོན་དུ་ཤེས་རིག་ལས་ཁུངས་ནས་ཟུར་གསོག་སློབ་གྲྭ་དང་བུ་གསོ་ཁང་ནས་ཆ་རྐྱེན་ཚང་བའི་བུ་དང་བུ་མོ་ ༡༨ གཞུང་དམག་ཁོངས་ནས་དུང་པ་ལོ་གཞོན་ ༥ བཅས་སྡེབ་གཅིག་ལ་གསར་འཇུག་བྱས། ཐོག་མའི་འགྲོ་གྲོན་གཏོང་དམིགས་སུ་ྋགོང་ས་མཆོག་ནས་གསོལ་རས་ཧིན་སྒོར་༤༦༩༩༥ དང་རྒྱ་གར་གཞུང་ནས་ཧིན་སྒོར་༡༥༠༠༠ དབུས་སྐྱོབ་གསོ་ལས་ཁུངས་ནས་ཟ་འབྲུ་དང་སྐབས་རེ་གོས་ཕོགས་གནང་གི་ཡོད་པའི་འཕྲོས་འགྲོ་གྲོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ནས་ཐབས་འཚོལ་གྱིས་གོ་སྒྲིག་གནང༌། ཤེས་རིག་ཟློས་གར་གྱི་འཛིན་སྐྱོང་དབུ་འཛིན་དུ་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་ཁེ་སྨད་བསོད་ནམས་དབང་འདུས་བསྐོས་པ་ལྟར། སྐབས་ཤིག་རིང་ཟློས་གར་རང་དུ་གཏན་འཇགས་བཞུགས་ཏེ་འགོ་ལས་ཚང་མས་འཛིན་སྐྱོང་དང་གར་རོལ་འཁྲབ་སྦྱོང་གི་ལས་དོན་ཁག འཁྲབ་བྱའི་གཞུང་གི་མི་སྣའི་ཆས་གོས་དང༌། བོད་ཀྱི་ཡུལ་ཕྱོགས་སོ་སོའི་འཁྲབ་ཆས་གསར་བཟོ་སོགས་ཀྱི་ལས་དོན་ཡོངས་བོད་རང་གི་སྔར་སྲོལ་ཁུངས་དག་རྒྱུན་འཛིན་ཐོག གསར་བརྩམས་གཞས་ཚིག་ཁག་ཀྱང༌། ྋགོང་ས་མཆོག་གི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལྟ་བུའི་མཁས་པ་ཚད་ལྡན་མང་པོར་འབོད་སྐུལ་གྱིས་བརྩམས་སྟབས་ཚིག་དོན་གང་ཐད་ནས་སྙན་འཇེབས་ཡིད་དབང་འཕྲོག་པ་བྱུང༌། འཁྲབ་སྟོན་ལ་མཚོན་ནའང༌། བཞུགས་སྒར་དྷ་རམ་ས་ལར་གཞུང་གི་འཆར་འཕར་མཛད་སྒོ་ཁག་དང༌། དུས་ཆེན་ཁག་ལ་གཟིགས་འབུལ་ཐོག རྒྱ་བལ་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་གྱི་སྒྱུ་རྩལ་འཁྲབ་སྟོན་གཟིགས་འབུལ་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གར་རོལ་དགེ་རྒན་གྱི་དམིགས་སྒོ་གསོ་སྐྱོང་དང༌། དེ་དག་ལ་སྐབས་མཚམས་སོ་སོར་ཟབ་སྦྱོང་སྤྲོད་པ་སོགས་ཀྱི་འགན་ཁུར་བཞེས། ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་ ༢༢ ནས་གོང་རིམ་གྱིས་བཀོད་སྒྲིག་བསྐྱར་མ་གནང་སྟེ། ཤེས་རིག་ཟློས་གར་དེ་བཞིན་བོད་གཞུང་ཆོས་རིག་ལས་ཁུངས་ཁོངས་བཞག་པ་ལྟར། ད་ལྟ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པས། ཞིབ་ཕྲའི་ལོ་རྒྱུས་ཟློས་གར་རང་ནས་གསར་བསྒྲིགས་གནང་མུས་ནས་གསལ་རྟོགས་ཐུབ་ངེས།།


༧༽     ཤེས་རིག་པར་ཁང་གསར་འཛུགས།

སློབ་དེབ་པར་སྐྲུན་གྱི་དགོས་མཁོར་ཤེས་རིག་ལས་ཁུངས་ཀྱིས་ཐོག་མར་ལྡི་ལིར་ཆོས་དོན་ལས་ཟུར་ཨོ་རྒྱན་ཚེ་རིང་དང༌། གཞུང་ཞབས་བགྲེས་ཡོལ་སྐལ་བཟང་དབང་ཕྱུག་གཉིས་ཆེད་གཏོང་གིས་པར་སྐྲུན་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་པ་ཕྱིར་འཁོར་མཚམས་ཕྱི་ལོ་༡༩༦༡ ལོའི་ཟླ་༥ ཚེས་༢༣ ཉིན་ཤེས་རིག་པར་ཁང་གསར་འཛུགས་བྱས། པར་ཁང་དེ་བཙུགས་པ་ནས་བཟུང་ད་བར་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཆ་ཚང་པར་སྐྲུན་འགྲེམས་སྤེལ་ཐོག བོད་མིའི་སྤྱི་ཚོགས་ནང་དགོས་མཁོའི་མདོ་སྔགས་རིག་གནས་ཀྱི་དཔེ་ཚན་སྣ་མང་པར་སྐྲུན་ཞུས་པ་དཔེར་ན། ལྷ་ཞོལ་པར་མའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང༌། སྡེ་དགེ་པར་མའི་བསྟན་འགྱུར་ཆེན་མོ་ཆ་ཚང༌། དེ་མིན་རྒྱལ་རབས་ཆོས་འབྱུང་དང་འཁྲུངས་རབས་རྣམ་ཐར། སྙན་ངག་སུམ་རྟགས། ལམ་རིམ་དང་བློ་སྦྱོང་སོགས་དཔེ་དེབ་སྣ་མང་པར་སྐྲུན་བྱས་ཡོད། པར་ཁང་གི་ཞིབ་ཕྲའི་ལོ་རྒྱུས་སྡེ་ཚན་ལོགས་སུ་བཀོད་ཡོད་པས་དེར་གཟིགས།

༨༽     རྒྱ་གར་ནང་གི་སྒེར་སློབ་ཏུ་བོད་ཕྲུག་སློབ་འཇུག

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་སློབ་ཕྲུག་མང་བ་དང་སློབ་གྲྭ་ཉུང་བའི་གནས་སྟངས་འོག་སློབ་ལོ་སོན་པ་ཚང་མ་སློབ་འཇུག་བྱེད་ཐུབ་ཀྱི་མེད། དཀའ་ངལ་དེ་རིགས་རོགས་ཚོགས་ཁག་གིས་ཤེས་རྗེས་རོགས་ཚོགས་དེ་དང་འབྲེལ་ཡོད་ཀྱི་ཡི་ཤུའི་སློབ་གྲྭ་གཙོ་གྱུར་སློབ་གྲྭ་ཁ་ཤས་ནང་བོད་ཕྲུག་སློབ་འཇུག་གི་གོ་སྐབས་གནང་བ་དང༌། དེ་བཞིན་སློབ་གྲྭ་ཁ་ཤས་ལ་ཤེས་རིག་ལས་ཁུངས་ཀྱིས་འབྲེལ་གཏུགས་རེ་སྐུལ་ཞུས་པ་སོགས་རྒྱུ་མཚན་སྣ་ཚོགས་དབང་གིས་སློབ་གྲྭ་དེ་རིགས་ནང་བོད་ཕྲུག་མང་པོ་ཞིག་ལོ་ལྟར་སློབ་འཇུག་བྱེད་ཐུབ་པ་བྱུང་བར་མ་ཟད། སློབ་གྲྭ་ཁ་ཤས་ནང་བོད་དགེ་བསྐོ་བཞག་བྱས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་ཡང་སློབ་ཁྲིད་བྱེད་ཐུབ་པ་བྱུང་ཡོད། སྐབས་དེའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་སློབ་གྲྭ་འདི་རིགས་ལ་སྒེར་སློབ་ཅེས་སྡེ་ཚན་ཟུར་དུ་ཕྱེ་འདུག་ཅིང༌། སློབ་གྲྭ་དེ་རིགས་ཁྱོན་ག་ཚོད་བྱུང་བ་དང་དེ་ཚོའི་ནང་ཡང་སྙིང་བོད་ཕྲུག་ག་ཚོད་བཏང་ཡོད་མེད་ཀྱི་གྲངས་ཐོ་ཆ་ཚང་བལྟ་འཚོལ་མ་ཐུབ་ཀྱང་འདིར་དཔེ་མཚོན་ཙམ་ཞུས་ན།
དང་པོ། བོད་ཕྲུག་བཏང་བའི་སྒེར་སློབ་ཀྱི་ཐོ་གཞུང་གང་རྙེད་ངོ་འཕྲོད་བདེ་བའི་ཆེད་དུ་དབྱིན་ཡིག་ནང་ཕྱོགས་གཅིག་ཏུ་བཀོད་པ་གཤམ་གསལ།

1.    B.M.M.F Girl’s School Bulandshar.
2.    Banasthali Vidyapith, Rajasthan.
3.    Church of Northern India, Dehradun.
4.    Kalakshetra, Madras.
5.    Kimmin’s High School, Panchgani.
6.    Waverley Convent, Mussoorie.
7.    Dasis High School, Hyderabad.
8.    Stanes High School, Coonoor.
9.    St. Joseph’s College (School Dept), Darjeeling.
10.    Sophia Girl’s Covent, Sahranpur.
11.    Wynberg Allen School, Mussoorie.
12.    Baldwin girl’s High School, Bangalore.
13.    St. Xavier’s High School, Jaipur.
14.    All Saint’s School, Nainital.
15.    Seventh Day Adventist School, Roorkee.
16.    St. Joseph of Cluny, Pondicharry.
17.    St. Philomena’s High School, Mysore.
18.    St. Hilda’s High School, Ootacamund
19.    Sherwood College, Nainital
20.    Cambrian Hall School, Dehradun.
21.    Dr Graham’s Homes, Kalimpong.
22.    Mt. Carmen School, Dehradun.
23.    St George’s College, Mussoorie.
24.    Mussoorie Public School, Mussoorie.
25.    Green Vale School, Dehradun.
26.    Nirmala Convent, Mysore.
27.    Welham Girl’s High School, Dehradun.
28.    St. Joseph’s Academy, Dehradun.
29.    St. John’s High School, Bangalore.
30.    Goethal Memorial School, Kurseong.
31.    Mahadevi Kaya Barshala, Dehradun.
32.    Modern School, Mussoorie.
གཉིས་པ། གོང་གསལ་སྒེར་གྱི་སློབ་གྲྭ་ཁག་ནང་བོད་ཕྲུག་བཏང་བའི་དཔེ་མཚོན།

༡༩༧༢ ལོར་གོང་གསལ་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭའི་ནང་བོད་ཕྲུག ༣ དང༌། འཛིན་གྲྭ་དང་པོར་ ༢༡ གཉིས་པར་ ༤༦ གསུམ་པར་ ༦༢ བཞི་པར་ ༦༤ ལྔ་པར་ ༦༡ དྲུག་པར་ ༤༢ བདུན་པར་ ༥༥ བརྒྱད་པར་ ༤༦ དགུ་པར་ ༥༡ བཅུ་པར་ ༥༩ བཅུ་གཅིག་པར་ ༣༨ ཁྱོན་བསྡོམས་ ༥༤༨ ཡོད་འདུག་ཅིང༌།
༡༩༧༣ ལོར་གོང་གསལ་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭའི་ནང་བོད་ཕྲུག ༧ དང༌། འཛིན་གྲྭ་དང་པོར་ ༢༢ གཉིས་པར་ ༢༥ གསུམ་པར་ ༤༣ བཞི་པར་ ༥༧ ལྔ་པར་ ༣༤ དྲུག་པར་ ༥༠ བདུན་པར་ ༥༡ བརྒྱད་པར་ ༦༢ དགུ་པར་ ༤༤ བཅུ་པར་ ༣༠ བཅུ་གཅིག་པར་ ༡༧ ཁྱོན་བསྡོམས་ ༤༨༢ ཡོད་འདུག
༡༩༧༤ ལོར་གོང་གསལ་སློབ་ཁག་གི་སྔོན་འགྲོའི་ནང་བོད་ཕྲུག ༡༡ དང༌། འཛིན་གྲྭ་དང་པོར་ ༢༥ གཉིས་པར་ ༢༩ གསུམ་པར་ ༤༠ སོགས་ཁྱོན་བསྡོམས་ལོ་དེར་སློབ་ཕྲུག ༤༦༥ འདུག་པའི་ཐོག་ནས་སྐབས་དེའི་སློབ་གྲྭ་དེ་རིགས་ནང་བོད་ཕྲུག་ཇི་ཡོད་ཀྱི་གནས་སྟངས་ཟུར་བལྟས་ལེབ་མཐོང་ཐུབ་ངེས།
སྒེར་སློབ་འདི་རིགས་ནང་བོད་ཕྲུག་གཏོང་མཚམས་བརྒྱད་ཅུ་གྱ་གྲངས་ནང་མཚམས་བཞག་འདུག་ཅིང༌། དེང་སྐབས་ཕྱི་དྲིལ་དྲུང་ཆེ་གནང་བཞིན་པ་ཐུབ་བསྟན་བསམ་འཕེལ་ལགས་དང༌། མཁས་དབང་ཟླ་བ་ནོར་བུ། བཀའ་བློན་བསྟན་པ་ཚེ་རིང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང༌། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་དང་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ཟུར་པ་ངག་དབང་རྡོ་རྗེ། ཤེས་རིག་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་རི་ཁ་བཀྲ་ཤིས་ནོར་བུ་སོགས་སློབ་གྲྭ་འདི་དག་ནས་ཐོན་པ་ཡིན་འདུག


༩༽     ཕྱི་རྒྱལ་དུ་སློབ་སྦྱོང༌། (༡༩༦༨ བར)

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་སུད་སི་དང་འཇར་མན་སོགས་ལ་བོད་ཕྲུག་སློབ་གཉེར་ཆེད་བཏང་བ་གང་ཙམ་བྱུང་ཡོད་པའི་གྲངས་ཐོ་ཞིབ་ཕྲ་ད་ལྟ་ཞིབ་འཇུག་མ་ཐུབ་ཀྱང་ཕྱི་ལོ་ ༡༩༦༨ ལོའི་དཔེ་མཚོན་ཙམ་ཞུས་ན།

སུད་སི།  སུད་སིའི་ཁྱིམ་ཚང་སྒེར་པ་ཁག་གིས་བོད་རིགས་དྭ་ཕྲུག་ ༡༦༠ སུད་སིར་བླངས་ཏེ་བུ་ཚབ་ཏུ་ཉར་ཞིང༌། དེ་དག་སུད་སིའི་ནང་གི་སློབ་གྲྭ་ཁག་ཏུ་འགྲོ་མུས་ཐོག་ཟླ་རེར་བོད་གཞུང་གིས་ཆེད་གཉེར་གནང་བའི་བོད་རིགས་མཁས་པས་སུད་སིའི་གྲོང་བརྡལ་ཁག་བཞིའི་ནང་རིམ་འཚོགས་གནང་མུས་འཛིན་གྲྭར་ཐེངས་རེ་བཅར་གྱི་ཡོད། དེ་བཞིན་སུད་སིའི་གྲོང་ཁྱེར་ཏྲེ་གེན་གྱི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village in Trogen)ཞེས་པའི་བུ་ཁྱིམ་ནང་བོད་ཁྱིམ་ཞིག་ཆེད་འཛུགས་བྱས་པར་བོད་རིགས་དགེ་ལས་བདུན་གྱི་ལྟ་སྐྱོང་འོག་བོད་པའི་ཕྲུ་གུ་ ༤༤ ཡོད།
ཨིན་ཡུལ། ཨིན་ཡུལ་གྱི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village in Seddlescombe, Sussex)ནང་བོད་ཕྲུག ༢༢ ཡོད་ཅིང༌། དེའི་ནང་གི་བོད་ཕྲུག་ལོ་ན་རྒན་པ་རྣམས་འབྲིང་རིམ་སློབ་གྲྭ་དང་ཆུང་བ་རྣམས་སེ་ཌལ་ཁོམ་སློབ་གྲྭའི་(Seddlescomb School)ནང་སློབ་སྦྱོང་བྱེད་ཀྱི་ཡོད། བོད་ཕྲུག་དེ་ཚོར་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གིས་ལྟ་སྐྱོང་བྱེད་ཀྱི་ཡོད།
དེ་བཞིན་ཨིན་ཡུལ་བོད་དོན་ཚོགས་པའི་རོགས་རམ་འོག་སློབ་ཕྲུག་གཅིག་དང༌། ཨོག་ཀན་ཌོན་ ཝན་ཅོར་གྱིས་རོགས་རམ་འོག་སློབ་ཕྲུག་གཉིས་བཅས་མཐོ་རིམ་སློབ་གཉེར་བྱེད་མུས་མ་ཟད། སྨན་ཞབས་ཀྱི་སློབ་སྦྱོང་བྱེད་མཁན་ཡང་གཉིས་ཡོད།
ནུབ་འཇར་མན། འཇར་མ་ནིའི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village, Wahlwies)ནང་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གི་ལྟ་སྐྱོང་འོག་བོད་ཕྲུག ༡༤ སློབ་གཉེར་བྱེད་བཞིན་ཡོད།
ཕ་རན་སི། ཕ་རན་སིའི་ཊོན་ནར་རེ་(Tonnerre/Yonne)ཞེས་པའི་ས་གནས་སུ་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གི་ལྟ་སྐྱོང་འོག་བོད་ཕྲུག ༢༠ སློབ་གཉེར་བྱེད་བཞིན་ཡོད།
ཌན་མག ཕྱི་ལོ་ ༡༩༦༠ ནས་ ༡༩༦༤ བར་ཀོ་པེན་ཧེ་གན་ཉེ་འགྲམ་ཨལ་ས་གྷར་དེར་(Aalsgarde, near Copenhagen)བོད་ཕྲུག༌༢༠ ཚང་མ་བུ་རེད་གཞི་རིམ་གྱི་སློབ་སྦྱོང་བྱས་ཤིང༌། དེ་རྗེས་དེའི་ཁོངས་༡༥ ལས་རིགས་སློབ་སྦྱོང་དུ་ཞུགས་པ་དང་སློབ་ཕྲུག་ ༢ ཕྱི་ལོ་༡༩༦༦ ལོའི་ལོ་སྟོད་དུ་རྒྱ་གར་དུ་ཕྱིར་ལོག་བྱས། སློབ་ཕྲུག༌༣ ལ་ནོར་ཝེ་དུ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་ཐོབ། དེ་འཕྲོས་རྣམས་༡༩༦༦ ལོ་མཇུག་ཏུ་རྒྱ་གར་ལ་ཕྱིར་ལོག་བྱས་ཏེ་མའི་སོར་གཞིས་ཁག་སོགས་སུ་ལས་ཞབས་ཞུས་ནས་ཕན་ཐོགས་ཆེན་པོ་བྱུང༌།
ནོར་ཝེ། ནོར་ཝེ་ལྷན་ཚོགས་(Norwegian Commitee)ཀྱི་སྦྱིན་བདག་འོག་བོད་ཕྲུག༌༡༥ ཞིང་ལས་སློབ་སྦྱོང་དང༌། ༡༩ གློག་དང་འཕྲུལ་ལས། ཨར་ལས་འཛུགས་སྐྲུན། ༣ སྨན་ཞབས། ༦ གཞི་རིམ་གོང་མའི་སློབ་སྦྱོང་བཅས་ཁྱོན་བསྡོམས་བོད་ཕྲུག༌༤༣ ལ་སློབ་སྦྱོང་ཐོབ། དེའི་ཁོངས་ནས་གཉིས་ཞིང་ལས་སློབ་སྦྱོང་ཚར་ཏེ་རྒྱ་གར་ལ་ལོག་ནས་གཞིས་ཆགས་ཁག་ནང་ལས་ཀ་བྱས།
སུད་ཌན། སུད་ཌན་ལ་བོད་རིགས་བུ་མོ་ ༤༠ ཙམ་སློབ་སྦྱོང་དུ་བཏང་བ་ནས་ ༣༠ ཐམ་པས་གཞི་རིམ་གྱི་སློབ་སྦྱོང་ལེགས་པར་ཟིན་ཏེ་ཕྱི་ལོ་༡༩༦༨ ལོར་རྒྱ་གར་དུ་ཕྱིར་ལོག་གིས་ལས་གནས་འདྲ་མིན་དུ་ཞབས་འདེགས་ཞུས། བུ་མོ་ ༡༠ ལ་སློབ་ཡོན་ཐོབ་པ་ལྟར་སུད་ཌན་ནས་དབྱིན་ཡུལ་དུ་སྨན་ཞབས་སློབ་སྦྱོང་ཆེད་ཐོན།
བྷེལ་ཇམ། བྷེལ་ཇམ་ནང་བོད་རིགས་བུ་མོ་ལྔ་ལ་རོགས་ཚོགས་ Aide Aus Tibetains ཞེས་པས་རོགས་རམ་གནང་བའི་འོག་སྨན་ཞབས་ཀྱི་སློབ་སྦྱོང་དང༌། སྐུ་ཞབས་ Dr. Cecile de Sweemer གྱིས་སློབ་ཡོན་གནང་བའི་འོག་བོད་ཕྲུག་བདུན་གྱིས་ལག་ཤེས་འདྲ་མིན་སློབ་སྦྱོང་བྱེད་བཞིན་ཡོད།
ཨ་རི། ཨ་རིའི་གཙུག་ལག་སློབ་ཁང་འདྲ་མིན་ནང་བོད་ཕྲུག༌༡༤ སློབ་སྦྱོང་བྱེད་བཞིན་ཡོད།
ཉི་ཧོང༌། མོ་རོ་སྨན་ཁང་གི་དབུ་འཛིན་སྨན་པ་སེའི་མི་ མ་རུ་ཀིས་ (Dr. Seimi Maruki, President of Moro Hospital)སྦྱིན་བདག་གནང་བའི་འོག་བོད་ཕྲུག ༡༠ སྨན་པའི་སློབ་སྦྱོང་བྱེད་བཞིན་ཡོད། ཕྱིས་སུ་ཕྱི་རྒྱལ་དུ་བཏང་བའི་ཁ་གྲངས་ལོ་སོ་སོའི་ལས་དོན་ནང་གང་ཙམ་གསལ་པོ་བཀོད་ཡོད།

༡༠༽     རྩོམ་སྒྱུར་ལྷན་ཚོགས།

ཕྱི་ལོ་༡༩༦༣ ཟླ་༡༠ ཚེས་༧ ཉིན་བཞུགས་སྒར་དྷ་རམ་ས་ལར་ཤེས་རིག་ལས་ཁུངས་ཀྱི་ཁོངས་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་༣༢ ཞེས་པ་གསར་འཛུགས་བྱས།
ལྷན་ཚོགས་དེའི་དམིགས་ཡུལ་སྐོར་སྐབས་དེའི་འཆར་ཟིན་ནང༌། “ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་གྱི་ལས་དོན་ལྷན་ཚོགས་འདིའི་དམིགས་ཡུལ་ནི་བོད་དུ་དར་བའི་ཆོས་དང༌། སྲིད་ཕྱོགས་གཉིས་ཀའི་རིག་གཞུང་འཛིན་སྐྱོང་གོང་སྤེལ་ཐོག དེ་དག་མི་རིགས་གཞན་ཁག་གི་རིག་གཞུང་དང་འབྲེལ་བ་རྒྱ་ཆེ་ཡོང་ཐབས་བཅས་ཡིན་” ཞེས་འཁོད་འདུག
དེ་ནས་ཞིབ་ཕྲའི་ནང་དོན་འཁོད་པའི་དོན་ཚན་ཁག་བཀོད་པའི་ནང༌། དང་པོ། ལྷན་ཚོགས་འདི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་དང༌། གཉིས་པ། ལྷན་ཚོགས་འདིས་བོད་ཀྱི་དཔེ་མཛོད་ཁང་དང་ཤེས་རིག་ཉམས་ཞིབ་རྩོམ་སྒྱུར་ཁང༌། བོད་ཡིག་པར་སྐྲུན་ཁང་བཅས་ཀྱི་ལས་དོན་འཛིན་སྐྱོང་བྱ་རྒྱུ་ཞེས་གསལ་འདུག གསུམ་པར་བོད་ཀྱི་དཔེ་མཛོད་ཁང་གི་བྱེད་སྒོ་ལས་འགན་ཞིབ་ཙམ་འཁོད་ཅིང༌། བཞི་པར་ཤེས་རིག་ཉམས་ཞིབ་རྩོམ་སྒྱུར་ཁང་གི་བྱེད་སྒོ་ལས་འགན་ཁག་ཞིབ་ཙམ་གསལ་འདུག་པ་༣༣སོགས་ཞིབ་ཕྲ་འདིར་དྲངས་མེད།
ལྷན་ཚོགས་འདིའི་འགན་འཛིན་བྲག་གཡབ་བློ་ལྡན་ཤེས་རབ་མཆོག་དང༌། འགན་འཛིན་ལས་རོགས་སྣར་སྐྱིད་ངག་དབང་དོན་གྲུབ། བོད་དྲུང་ཡོངས་གླིང་གསོལ་དཔོན་ཐུབ་བསྟན་ཚེ་རིང༌། དབྱིན་དྲུང་ཕྱག་མཛོད་ཚང་བསོད་ནམས་རབ་བརྟན་བཅས་ཡིན་འདུག་ཅིང༌། རྗེས་སུ་དགའ་གདོང་བསྟན་འཛིན་དབང་གྲགས་དང༌། ཟླ་བ་གསལ་སྒྲོན། རྒྱ་མཚོ་ཚེ་རིང་བཅས་ཁ་སྣོན་དུ་བསྐོ་བཞག་གནང༌། དེ་རྗེས་ཡང་བསྐྱར་ཁེ་སྨད་བསོད་ནམས་དབང་འདུས་དང༌། བསམ་ཕོ་སྲས་འཇིགས་མེད། ཁམས་ལུང་ཟླ་བ་བསམ་གཏན་བཅས་ཀྱང་བསྐོ་བཞག་གནང་འདུག་ཅིང༌། ལས་ཁུངས་ནི་དྷ་ཤོད་ཀ་ཤི་སྨྲིར་ཀོ་ཊིར་ཁང་པ་གཡར་ཏེ་ཚུགས་འདུག ཁོང་ཚོའི་ཁོངས་ཀྱི་རྒྱ་མཚོ་ཚེ་རིང་སོགས་ཀྱིས་དབྱིན་ཡིག་ནས་བོད་སྐད་དུ་བསྒྱུར་བ་གཙང་སྦྲ་འཕྲོད་བསྟེན་སྐོར་གྱི་དེབ་གཅིག་དང༌། བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས་དུས་གསུམ་རེའུ་མིག་སོམ་ཉིའི་དྲ་བ་གཅོད་པའི་རལ་གྲི། ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་གཞུང་སྲོལ་ཡིག་བསྐུར་གཅེས་བསྡུས་བརྩམས་བྲིས་སོགས་དང༌། དེ་མིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང༌། ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་སོགས་བོད་ཡིག་ཏུ་ཕབ་སྒྱུར། སློབ་དེབ་བསྐྱར་ཞིབ་དང་གསར་བསྒྲིགས་སོགས་དུས་ཐུང་ནང་ཀུན་གྱི་མཐོང་ཆོས་སུ་ཡོད་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་འདུག
འོན་ཀྱང་ཕྱི་ལོ་ ༡༩༦༥ ལོར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་གི་བཀའ་འབྲེལ་ལྟར་རྩོམ་སྒྱུར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་གི་ཁོངས་སུ་ཟླ་སྒྲིལ་གནང་འདུག་ཅིང༌། དེ་ནས་བཟུང་རིམ་པས་རྩོམ་སྒྱུར་ལྷན་ཚོགས་དེའི་ལས་དོན་འཆར་གཞི་ཁག་ཀྱང་འཇའ་ཡལ་བ་ལྟར་གྱུར།
རྩོམ་སྒྱུར་ཁང་ལྡི་ལི་བོད་ཁང་དུ་ཟླ་སྒྲིལ་མ་བྱས་གོང༌། ལས་དོན་འཕྲོ་ཅན་དུ་ལུས་པའི་ཁོངས་ཁེ་སྨད་ཀྱིས་བྲིས་པའི་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྲིད་ཕྱོགས་ཀྱི་མཛད་པ་ཟུར་བཏོན་བྱས་པ་ཞིག་དང༌། བཀྲས་མཐོང་བསོད་ནམས་སྟོབས་འབྱོར་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་སྒྱུར་བྱས་པའི་བོད་ཀྱི་ལོ་རྒྱུས། བྲག་གཡབ་རིན་པོ་ཆེས་མཛད་པའི་དེ་སྔོན་དགའ་ལྡན་ཕོ་བྲང་གིས་མཆོད་བཀུར་མཛད་པའི་དགོན་ཁག་དང་གཞུང་སའི་དབར་གྱི་འབྲེལ་ལམ་སྐོར། དབྱིན་བོད་ཚིག་མཛོད། བོད་ཀྱི་ས་བཀྲ། རྒྱ་གར་ནང་སྐྱབས་བཅོལ་བོད་མི་གནས་ཡུལ་གྱི་ས་བཀྲ། བོད་ཡིག་ལྕགས་པར་སོགས་ཡོད་འདུག

Menu