ཟླ་རེའི་གསར་འགྱུར།

སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་ལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༦ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དགྱེས་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཉིན་གཉིས་པའི་སྐབས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་གཏན་སློབ་ཚོགས་གཙོ་སྐུ་ཞབས་ཨེ་ཨེ་སི་རཱ་བ་ཌ་(AS Rawat)མཆོག ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན་དགེ་ལས་སློབ་ཟུར་རྣམ་པ། སློབ་གྲྭའི་སློབ་ཕྲུག་རྣམ་པ་བཅས་ཚང་འཛོམས་བྱུང་བའི་ཐོག་མར་བཀའ་ཁྲི་མཆོག་བཞུགས་གནས་མགྲོན་ཁང་ནས་སློབ་གྲྭའི་རྒྱ་སྒོའི་ནང་དུ་ཕེབས་སྐབས་སློབ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་ཞུས། དེ་རྗེས་བཀའ་ཁྲི་མཆོག་གིས་ཐོག་མར་རང་ཉིད་སིམ་ལའི་སློབ་ཟུར་ཞིག་ཡིན་པའི་ཆ་ནས་དགེ་རྒན་གྱི་བཀའ་དྲིན་བསམ་ཤེས་ཐོག་སིམ་ལ་གཏན་སློབ་ཀྱི་སློབ་དགེ་བགྲེས་སོང་ཟུར་པ་ཚོར་ཐུག་འཕྲད་ཀྱིས་གསུང་མོལ་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཟིན་པའི་ཧིན་བོད་ལས་བྱེད་ཁག་གཅིག་དང་ཐུག་འཕྲད་གྲུབ་མཚམས་བཞུགས་གྲལ་དུ་འཁོད། དེ་རྗེས་མཛད་རིམ་གྱི་ཐོག་མར་བཀའ་ཁྲི་མཆོག་གིས་མཆོད་མེ་ཞལ་ཕྱེ་གནང་སྟེ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་བསྟུན་བོད་མི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང། དེ་ནས་ས་ག་ཟླ་བའི་ཚེས་ ༡༥ སྟོན་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་གཙུག་ལག་སློབ་དཔོན་སྐུ་ཞབས་ཝི་ཨེ་སི་ནེ་གི་ལགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་དང་སྦྲགས། དེང་སྐབས་འཛམ་གླིང་ཤར་ནུབ་གང་སར་ནང་པ་སངས་རྒྱས་པའི་བསྟན་པ་དར་ཚུལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད།     དེ་རྗེས་སློབ་གྲྭའི་སློབ་སྤྱི་པིར་ཊམ་སིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་འཁྲབ་སྟོན་ཞུས།  དེ་རྗེས་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བསྟུན། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་མཛད་སྒོ་དང་འབྲེ་བའི་གསུང་བཤད་སྐབས། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེན་གཟིགས་བཞིན་ཡོད་པ་མ་ཟད། བཀའ་ཤག་གིས་སིམ་ལ་གཏན་སློབ་ཏུ་ཧིན་སྒོར་ཆིག་འབུམ་ཉིས་ཁྲི་རོགས་རམ་གནང་ཡོད་སྐོར། དེ་བཞིན་ཁོང་རང་ཉིད་སློབ་ཟུར་ཞིག་ཡིན་པའི་ཆ་ནས་ལྔ་བཅུའི་དུས་དྲན་སྐབས་བཅར་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་བྱུང་ཚུལ། གཞན་ཡང་སློབ་ཕྲུག་ཚོས་ཤེས་ཡོན་གྱི་མཐུན་འགྱུར་དེ་དག་བེད་སྤྱོད་གང་ཡོད་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་མཆོག་གིས་སིམ་ལ་གཏན་སློབ་ནང་ཤེས་ཡོན་དང་རྩེད་མོ་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་སློབ་ཕྲུག་ཁག་གཅིག་ལ་ཕྱག་རྟགས་གནང་གྲུབ་བསྟུན། གཏན་སློབ་ཀྱི་ལས་བྱེད་ཁག་གཅིག་ལ་ཕྱག་རྟགས་གནང་། དེ་ནས་སློབ་དགེ་གཅིག་དང་སློབ་ཟུར་བློ་བཟང་ནོར་བུ་ཤསྟྲི་ལགས་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་མྱོང་ཚོར་ཇི་བྱུང་སྐོར་གསུང་བཤད་གནང།
    དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་སིམ་ལ་སློབ་གྲྭ་བོད་མིའི་གཏན་སློབ་ཀྱིས་རྩིས་བཞེས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང། གོང་དུ་གཙུག་ལག་སློབ་དཔོན་ནེ་གི་མཆོག་གིས་གསུང་པ་བཞིན་དེ་རིང་ས་ག་ཟླ་བའི་ཚེས་ ༡༥ ཡིན་པར་བརྟེན་སྟོན་པ་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཆགས་ཡོད། གོང་དུ་སློབ་ཟུར་བློ་བཟང་ནོར་བུ་ཤསྟྲི་ནས་གསུངས་པ་བཞིན་ང་ཚོ་འཛམ་གླིང་འདིར་མང་ན་ཚེ་ཚད་ལོ་བརྒྱ་སྡོད་རྒྱུ་ལས་མཐར་འཆི་རྒྱུ་རེད། དེར་བརྟེན་རང་ཉིད་ནམ་འཚོའི་རིང་ལ་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་བརྟེན་འབད་བརྩོན་བྱས་དང་བྱེད་མུས་ཡིན།  འདིར་ཕེབས་པའི་མ་མ་དང་མ་བྱན་ཟུར་པ་རྣམས་དང་སློབ་དགེ་ལས་བྱེད་ཟུར་པ་ཁག་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་སྟབས། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སིམ་ལ་སློབ་གྲྭ་ནས་སློབ་ཟུར་ཧ་ཅང་མང་པོས་བོད་མིའི་འཛིན་སྐྱོང་གིས་གཙོས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཞབས་ཞུ་སྒྲུབ་བཞིན་ཡོད་པའི་གནས་ཚུལ་དེར་ང་ཚོ་སློབ་གྲྭའི་ངོས་ནས་སྤོབས་པ་བྱེད་དགོས་པ་ཞིག་རེད། བཀའ་ཤག་སྐབས་བཅུ་བཞི་པས་སིམ་ལ་སློབ་གྲྭར་ཆེ་མཐོང་ག་ཚོད་ཞུ་བཞིན་ཡོད་པ་ཕལ་ཆེར་གསལ་པོ་རེད། གང་ཡིན་བརྗོད་ན། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། ཤེས་རིག་དྲུང་ཆེ་སིམ་ལ་སློབ་ཟུར་ཞིག་བསྐོ་གཞག་བྱེད་སྐབས་སིམ་ལ་སློབ་གྲྭ་གལ་ཆེན་པོ་ཡིན་པ་གསལ་པོ་ཆགས་ཡོད། ཅེས་གསུང་བསྟུན་དབྱིན་སྐད་ཐོག་མུ་མཐུད་གསུང་དོན། སློབ་དགེ་དང་ལས་བྱེད་རྣམ་པས་དེ་སྔ་བཞིན་སློབ་ཕྲུག་ཚོའི་ཤེས་ཡོན་ཆེད་འབད་བརྩོན་མུ་མཐུད་གནང་རྒྱུར་ཕྲན་ལ་ཡིད་ཆེས་གཙང་མ་ཡོད། གང་ཡིན་བརྗོད་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བོད་མི་བཙན་བྱོལ་བའི་བུ་ཕྲུག་ཚོའི་ཤེས་ཡོན་ཆེད་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ནེ་རུ་མཆོག་དང་ལྷན་མཇལ་འཕྲད་སྐབས་ཐུགས་ཀྱི་འཆར་སྣང་ཞིག་འཆང་གནང་མཛད་ཡོད། འཆར་སྣང་དེ་བོད་ཕྲུག་ཚོས་བོད་པ་རང་ཉིད་ཀྱི་རིག་གཞུང་རྒྱུན་འཛིན་ཐུབ་པའི་ཐོག་ནས་དེང་དུས་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཏེ་འདབ་ཤོག་གཉིས་ལྡན་གྱི་བོད་མི་ཞིག་བཟོ་ཐུབ་པ་བྱ་རྒྱུ་དེ་ཡིན། དེར་བརྟེན་བོད་ཕྲུག་ཚོ་རྒྱ་གར་གྱི་སློབ་གྲྭར་བཏང་བ་ལས་བོད་པའི་སློབ་གྲྭ་ཟུར་དུ་ཆེད་འཛུགས་མཛད་ཡོད་པའི་ནང་ནས་སིམ་ལ་གཏན་སློབ་འདི་གཅིག་ཆགས་ཡོད། ད་བར་སློབ་གྲྭ་དེ་དག་ནས་གཟེངས་སུ་ཐོན་པའི་བྱས་རྗེས་གང་ཙམ་འཇོག་ཐུབ་ཡོད། ཤེས་ཡོན་བསྟི་གནས་རྣམས་ལོ་རེ་ནས་ལོ་རེ་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། ད་དུང་ང་ཚོར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་པོ་ཞིག་ཡོད། དེར་བརྟེན་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་འབྱུང་འགྱུར་ད་དུང་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  གོ་སྐབས་འདི་བརྒྱུད་ངས་སླར་ཡང་སློབ་སྤྱི་དང་སློབ་དགེ དེ་བཞིན་ལས་བྱེད་ཟུར་པ་ཚང་མར་བཀའ་དྲིན་རྗེས་སུ་དྲན་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་ཕྲུག་གཞན་དང་མི་འདྲ་བར་བོད་པའི་སློབ་ཕྲུག་ཚོར་རི་བོ་ཧི་མཱ་ལ་ཡ་ལྟ་བུའི་ཧ་ཅང་འགན་ཆེན་པོ་ཞིག་ཡོད་པ་ནི་བོད་ནང་རང་དབང་བསྐྱར་གསོ་བྱ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན། དམིགས་ཡུལ་དེ་དག་བསྒྲུབ་ཆེད་སློབ་དགེ་དང་སློབ་ཕྲུག་གཉིས་ཆར་ལས་འགན་ད་དུང་ཆེ་བ་ཞིག་ཡོད་པ་ནི་ཤེས་ཡོན་ཐོག་སྔར་ལྷག་འབད་བརྩོན་བྱེད་དགོས། ཕྱོགས་མཚུངས་སློབ་སྤྱི་དང་རེག་ཊར་སོགས་ལའང་དེ་མཚུངས་འགན་ཞིག་ཡོད། བོད་པའི་ཕ་མ་ཚོས་ཀྱང་ཧུར་ཐག་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། འདས་པའི་སྐབས་སུ་ང་ཚོ་ཚང་མ་མཉམ་རུབ་ཐོག་ལས་འགན་གལ་ཆེན་མང་པོ་བསྒྲུབས་ཡོད། དེ་མཚུངས་འབྱུང་འགྱུར་ཡང་ང་ཚོ་ཚང་མ་མཉམ་རུབ་ཐོག་ལས་འགན་གལ་ཆེན་མང་པོ་ཞིག་བསྒྲུབ་ཐུབ་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །

སྔོན་མ།
འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།
ཕྱི་མ།
༄༅། །གཞི་རིམ་སློབ་གྲྭའི་རིགས་ལམ་དང་ནང་ཆོས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ།
Menu