ཟླ་རེའི་གསར་འགྱུར།

སུད་སིའི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་།

གསར་འཕྲིན།


༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་སུད་སིའི་ནང་ཕེབས་འབྱོར་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ ཉིན་སུད་སི་རྒྱལ་ས་བྷན་ Bern དང་ཨར་གའོ་Aargau མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཟའ་མཇུག་སློབ་གྲྭ་ཁག་གི་ནང་འཚམས་གཟིགས་དང་སློབ་ཕྲུག་གི་ཕ་མ་ཚོར་ཐུག་འཕྲད་གནང་ཡོད་པ་མ་ཟད། དགོང་དྲོ་སུད་སི་ Switzerland དང་ལེག་ཊེན་སི་ཊེན་Liechtenstein བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་ནང་གཟའ་མཇུག་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་ཚོ་དང་ལྷན་ཟུར་དུ་ཚོགས་འདུ་ཚོགས་ཏེ་དྲི་བ་དྲིས་ལན་གནང་།

དེ་ཡང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་གཟའ་མཇུག་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་སློབ་ཕྲུག་ཚོའི་ཕ་མ་བཅས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་ལྡན་པ་ཞིག་ཡོང་བར་དམིགས་ཏེ་ལས་གཞི་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་དམིགས་སྒོ་གཏད་ས་གཙོ་བོ་ནི། བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་རྒྱུ་དེ་ཡིན། ཞེས་ནན་བརྗོད་གནང་།
གཞན་ཡང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ན་ནིང་ལོར་ལྔ་དང་ལྕ་བཅུའི་འཆར་སྣང་ཚོགས་འདུ་སྐབས་ཚོགས་བཅར་བ་རྣམས་ནས་སློབ་གྲྭའི་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་དང་། དགེ་རྒན་རྣམས་ཀྱི་ཆེད་ལས་པའི་ལས་རིགས་གོང་འཕེལ་གཏོང་ཕྱོགས། སློབ་ཡོན་གནང་ཕྱོགས་བསྐྱར་ཞིབ་དགོས་པ་སོགས་ཀྱི་སྐོར་རྒྱབ་གཉེར་དགོངས་འཆར་གསུངས་པ་ཁག་གཅིག་གི་སྐོར་སྙིང་བསྡུས་གསུང་།

ཕྱོགས་མཚུངས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལས་འཆར་གྱི་དྲ་ཚིགས་དང་། གཞི་རིམ་སློབ་མའི་བོད་ཡིག་སློབ་སྤྱོང་དྲ་ཚིགས། ཤེས་རིག་མདུན་ལམ་སློབ་སྟོན་དྲ་ཚིགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། འབྱུང་འགྱུར་ཕྱི་ཟླ་བརྒྱད་པའི་ནང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ཤེས་རིག་ཚོགས་ཆེན་འཚོགས་གཏན་འཁེལ་ཡོད་སྟབས། ཚོགས་འདུ་ལམ་ལྷོངས་ཡོང་བར་ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་འཛུལ་ཞུགས་གང་མང་གནང་དགོས་པའི་རེ་སྐུལ་ཞུས། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་དགེ་རྒན་རྣམ་པ་དང་ཕ་མ་རྣམ་པ་ཚོའི་འབད་བརྩོན་ལ་བརྟེན་ནས་ཨར་གའོ་ Aargau མངའ་སྡེའི་ནང་གཟའ་མཇུག་སློབ་གྲྭ་གསར་འཛུགས་གནང་ཐུབ་ཡོད། ཅེས་དང་། ཕ་མ་ཚོས་ཁྱིམ་དུ་རང་ཉིད་ཀྱི་ཕྲུ་གུ་ཚོར་བོད་སྐད་ཐོག་བཀའ་མོལ་གནང་དགོས་པ་སོགས་ཀྱི་སྐོར་གསུངས།

ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཟའ་མཇུག་སློབ་གྲྭ་ཁག་ལ་དམིགས་ཏེ་སྤུས་ཚད་ལྡན་པའི་སློབ་དེབ་གཏན་འབེབས་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དགེ་རྒན་རྣམ་པ་དང་ཕ་མ་རྣམ་པ་ཚོས་ཕྲུ་གུ་ཚོར་ཡིག་རྒྱུགས་དང་སྐད་ཡིག་འགྲན་བསྡུར་གྱི་ཆེད་དུ་ཤུགས་རྒྱག་རྒྱུ་ཙམ་མ་ཡིན་པར། གཙོ་བོ་གཟའ་མཇུག་སློབ་གྲྭའི་སློབ་མ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་སྦྱང་རྒྱུའི་འདུན་པ་སྐྱེ་འཇུག་དགོས་པའི་སྐོར་གསུངས། །

སྔོན་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་བ།
Menu