ཟླ་རེའི་གསར་འགྱུར།

སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཐེངས་ ༡༣ སྐོང་ཚོགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༩ བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥ དུས་ཚིགས་ཁྱད་པར་ཅན་ཉིན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཐེངས་ ༡༣ པ་སྐོང་ཚོགས་གནང་བ་དང་། འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཚོགས་འདུ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཚོགས་ཞུགས་གནང་།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་ཞུས། དེ་ནས་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་གཙོས་ཚོགས་བཅར་བ་འགན་འཛིན་ཡོངས་ལ་འཚམས་འདྲི་དང་སྦྲགས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་འགན་འཛིན་ཚོགས་འདུ་ཐེངས་ ༡༣ ཐོག་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་ས་ག་ཟླ་བའི་ཚེས་ ༡༥ རེད། འགན་འཛིན་རྣམ་པ་ཚོ་ཚང་མ་སྤྱི་ཚོགས་ཀྱི་ཞབས་སྟེགས་ཤིག་སྒང་ལ་བཞུགས་ཡོད་པར་བརྟེན་ལས་དོན་གང་དང་གང་གནང་པ་ཡིན་ན་གཙོ་བོ་ཀུན་སློང་ལ་རག་ལས་ཡོད་དུས། དེ་རིང་རྣམ་པ་ཚོ་ཚང་མ་ས་ག་ཟླ་བའི་ཚེས་ ༡༥ ཉིན་གལ་ཆེ་དོན་ཆེར་བརྩིས་ནས་འགན་འཛིན་ཚོགས་འདུར་ཚོགས་བཅར་གནང་ཐུབ་པ་དེ་གཙུག་ལག་ཁང་ལ་མཆོད་མཇལ་དུ་ཕྱིན་ནས་ཆོས་ཕྱོགས་ཀྱི་བྱ་བ་དང་གཅིག་མཚུངས་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཆོག་ཅེས་དང་།
ཡང་། ཁོང་གིས་ཕྱི་ལོ་ ༡༩༩༩ ལོར་སཾ་བྷོ་ཊ་བོད་སློབ་ཚོགས་པ་ཐོག་མ་དབུ་འཛུགས་གནང་བ་ནས་བཟུང་རིམ་བཞིན་རྒྱ་བསྐྱེད་དང་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་ཕྱིན་ཡོད་སྐོར་དང་། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བོད་སློབ་ཁག་གང་མྱུར་རྩིས་ལེན་ཐུབ་ཐབས་འབད་བརྩོན་བྱེད་དགོས་པ་དེ་ཤེས་རིག་ལས་ཁུངས་ཀྱི་ལས་འགན་ཡིན་པ་དང། དེའི་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཤེས་རིག་ལས་ཁུངས། སཾ་བྷོ་ཊ་བཅས་ཀྱི་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་གནང་བཞིན་ཡོད་སྐོར་གསུངས།
ཉེ་ལམ་ཤེས་རིག་བཀའ་བློན་མཆོག་བྱང་ཤར་ཁུལ་དང། དེ་བཞིན་ཤེས་རིག་དྲུང་ཆེ་དང་སཾ་བྷོ་ཊའི་འགན་འཛིན་སོགས་ལྷོ་ཕྱོགས་ཁུལ་གྱི་སློབ་ཁག་ལ་ཕྱོགས་བསྐྱོད་ཕེབས་སྐབས། རྩིས་ལེན་ཟིན་པའི་སློབ་གྲྭ་ཁག་ཡག་ཐག་ཆོད་འགྲོ་བཞིན་པའི་གཟིགས་ཚུལ་གཅིག་པ་བྱུང་བའི་སྐོར་དང་། སློབ་ཁག་དེ་དག་གི་ནང་དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་བ། དགེ་རྒན་དང་ཕ་མའི་དབར་གྱི་འབྲེལ་བ། ཕྱོགས་གང་ཅིའི་ཐད་ནས་དངོས་གནས་དྲང་གནས་ཡག་པོ་འགྲོ་བཞིན་པ་དང། འབྲེལ་ཡོད་སློབ་ཁག་གི་འགན་འཛིན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་སྦྲགས། ད་དུང་མུ་མཐུད་རྒྱུན་བསྲིངས་ནས་འབད་བརྩོན་གནང་དགོས་པ་དང་། བོད་པའི་དགེ་རྒན་ཚོར་གླ་ཆ་བཟས་ནས་འཚོ་བ་སྐྱེལ་བ་ཙམ་མ་ཡིན་པར་བོད་སྤྱི་བ་དང་། རྩ་དོན། མི་རིགས་སོགས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་དང། ལས་འགན་འཕར་མ་ཡོད་པ་ཤེས་དགོས་པ་ནན་གསུང་གནང་།
ཡང་། ཁོང་གིས། བར་ལམ་ལོ་ཤས་ནང་ཤེས་ཡོན་གྱི་ལས་དོན་ཐོག་དོ་སྣང་བྱེད་སྐབས། ཤེས་ཡོན་གྱི་ལས་དོན་ནང་ནས་དགེ་རྒན་ཚོ་གལ་ཆེ་ཤོས་ཡིན་ཡང་། སྐབས་མཚམས་སུ་སློབ་གྲྭའི་འགན་འཛིན་དེ་གལ་ཆེ་ཤོས་རེད་འདུག སློབ་གྲྭ་གཅིག་གི་དགེ་རྒན་ཚོ་ལ་འགན་འཛིན་དེས་སེམས་འགུལ་དང་། རོགས་པ། ལྟ་སྐྱོང་། བཀོད་འདོམས་བྱེད་ཐུབ་པ་དགོས་ཀྱི་འདུག སློབ་གྲྭའི་འགན་འཛིན་ཞིག་ཡིན་པའི་ཆ་ནས། ལས་ཁུངས་ཀྱི་ཕྱག་ལས་གནང་དགོས་པ་མ་ཟད། འཛིན་སྐྱོང་ལ་གནས་ཚུལ་ཡར་ཞུ་ཐུབ་པ། དུས་ཚོད་མང་བ་འཛིན་གྲྭའི་ནང་དགེ་རྒན་གྱི་སློབ་ཁྲིད་ཇི་ལྟར་གནང་གི་འདུག དགེ་རྒན་གྱི་སློབ་ཁྲིད་ལ་ལེགས་པའི་ཆ་ནས་གང་འདུག སྐྱོན་གྱི་ཆ་ནས་གང་འདུག སྐྱོན་དེ་སེལ་ཐབས་གང་གནང་དགོས་འདུག དེ་དག་ལ་དོ་སྣང་གནང་ཐུབ་པ་དགོས་འདུག སློབ་སྤྱི་ཚོར་ཤེས་ཚད་ཙམ་མ་ཡིན་པར། འགན་འཁུར་ཅན་ཞིག་ངེས་པར་དུ་དགོས་འདུག་ཅེས་གསུངས།
མཐའ་དོན་དུ་ཁོང་གིས། ཁ་སང་ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་གིས་དགེ་རྒན་ཚོར་བཀའ་སློབ་གནང་ཡོད་པ་དང་། བཀའ་སློབ་དེ་དག་སེམས་ལ་འཇུག་ཐུབ་པ་བྱས་ནས་སློབ་གྲྭའི་ནང་ལག་བསྟར་གནང་དགོས་པ་དང་། ཕྱག་ལས་གནང་སྐབས་ངོ་ལྐོག་རྒྱབ་མདུན་མེད་པ་གནང་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ། སོ་སོའི་ལས་འགན་དེ་ལྷག་བསམ་རྣམ་དག་གིས་གནང་སྟེ་སྤྱི་ཚོགས་ལ་མིག་དཔེ་འོས་པ་ཞིག་བྱེད་དགོས་པ་སོགས་ལམ་སྟོན་ཟབ་མོ་གནང་བ་བཅས།

སྔོན་མ།
བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གྱི་གོ་བསྡུར་མཇུག་བསྒྲིལ་བ།
ཕྱི་མ།
རྒྱ་གར་བྱང་ཤར་ཁུལ་དུ་བྱིས་པའི་ཀློག་རྩལ་སྐོར་ཟབ་སྦྱོང་གནང་བ།
Menu