ཟླ་རེའི་གསར་འགྱུར།

སྐབས་གསུམ་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༠ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ལོ་གཅིག་དང་ཕྱེད་ཀའི་རིང་གི་སྐབས་གསུམ་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་བསྒྲིལ་ཏེ་མཐར་ཕྱིན་མཛད་སྒོ་བསྐྱངས།
    དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ངག་དབང་རྡོ་རྗེ་ལགས་དང་། འོས་སྦྱོང་སློབ་མ་གྲངས་ ༡༨ བཅས་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་འོས་སྦྱོང་གི་ལས་བསྡོམས་སྙན་སྒྲོན་གནང་རྗེས། མཐོ་སློབ་ཀྱི་རིག་གནས་སློབ་དཔོན་གྱིས་འོས་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན།
    ཐོག་མར་ཁྱེད་རྣམ་པ་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་བར་དུ་ང་ཚོས་སྔོན་བྱོན་མཁས་པས་གསུངས་པའི་དེབ་ནང་ཡོད་པ་དེ་དག་མ་གཏོགས་སྦྱང་མེད། འོན་ཀྱང་བརྒྱ་ཆ་ལྔ་བཅུའི་ཤེས་ཡོན་སྤྱི་ཚོགས་ནང་ཡོད། དེར་བརྟེན་ཁྱེད་རྣམ་པ་སློབ་གྲྭ་ཁག་ཏུ་ཕེབས་སྐབས། ༡། ཐོག་མར་ཀུན་སློང་གཙང་མ་ཞིག་དགོས། ༢། རང་ཉིད་ཀྱི་ལས་གནས་ལ་སྤྲོ་སྣང་དགོས། ༣། ལས་གནས་དེར་དོ་སྣང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
    ལྷག་པར་བོད་མིའི་སྒྲིག་འཛུགས་ནས་ཁྱེད་རྣམ་པར་འགྲོ་སོང་མང་དག་ཅིག་བཏང་ཡོད་སྟབས། འགྲོ་སོང་དེ་དག་བཏབ་སར་སྨིན་པ་གནང་དགོས་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་ནན་ཏན་ཐོག་ཞུ་འདོད་བྱུང་། དེ་རིང་ཁྱེད་རྣམ་པ་འོས་སྦྱོང་ཐོན་པ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ཁྱེད་རང་ཚོའི་འོས་སྦྱོང་ལོ་གཅིག་དང་ཕྱེད་ཀ་ཙམ་མ་རེད། ང་ཚོ་མི་ཚེ་ཕྱེད་ཀ་ཤེས་ཡོན་ཐོག་བསྐྱལ་ཐུབ་རྒྱུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་བཀའ་དྲིན་ཡིན་པར་ངས་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་ངས་བཙན་བྱོལ་ནང་ཤེས་ཡོན་འཐུས་ཤོར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་བཤད་རྩལ་དང་འབྲི་རྩལ། ཀློག་རྩལ་གསུམ་དོ་མི་མཉམ་པར་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
    དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་འོས་སྦྱོང་པ་ཚོར་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་དང་འོས་སྦྱོང་པ་རྣམས་ལ་ཕྱག་འཁྱེར་གནང་སྟེ་མཇུག་བསྡོམས་གསུང་བཤད་གནང་དོན། ཐོག་མར་དེ་རིང་དགེ་རྒན་འོས་སྦྱོང་ཐོན་མཁན་རྣམ་པ་ཚོར་ངས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་དགེ་རྒན་གསོ་སྐྱོང་བྱ་རྒྱུ་ཕལ་ཆེར་ད་རེས་ཐེངས་གསུམ་པ་འདི་ཆགས་ཀྱི་ཡོད། ང་ཚོས་ཤེས་རིག་ལས་ཁུངས་ནས་དམིགས་ཡུལ་ཞིག་བཟུང་ནས་དགེ་རྒན་འོས་སྦྱོང་སྤྲོད་ཀྱི་ཡོད།
    ཤེས་རིག་ལས་ཁུངས་ནས་དགོངས་བཞེས་གནང་རྒྱུ་དེ་གཙོ་བོ་ཁྱེད་རྣམ་པ་སློབ་གྲྭར་ཕེབས་ཏེ་སློབ་ཁྲིད་གནང་སྐབས། ཤེས་ཡོན་ཐོག་དེ་སྔ་ཁྱེད་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་འགྲོ་གི་ཡོད་སྐོར་བཀའ་སློབ་སྩལ་བ་རྣམས་གསན་ཡོད་ངེས་རེད། སློབ་གྲྭའི་ཤེས་ཡོན་གནས་ཚད་ཡག་པོ་ཞིག་དགོས་ན། གལ་ཆེ་ཤོས་ནི་དགེ་རྒན་ལེགས་པོ་ཞིག་ཡོང་ཐབས་སུ་གྲ་སྒྲིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་ནས་ཁྱེད་རྣམ་པ་ཚོར་རེ་བ་དེ་ལྟ་བུ་ཞིག་རྒྱག་གི་ཡོད་པ་སེམས་ལ་ངེས་པར་དུ་བཅངས་རོགས་གནང་ཞུ་རྒྱུ་ཡིན།
    མི་སྟོང་ཕྲག་ཁྲི་ཕྲག་གི་མདུན་ལམ་བཟོ་ཐུབ་མཁན་དགེ་རྒན་རེད་བསམས་ཀྱི་ཡོད། དེ་བཞིན་མི་སྟོང་ཕྲག་ཁྲི་ཕྲག་གི་མདུན་ལམ་མེད་པ་བཟོ་མཁན་ཡང་དགེ་རྒན་ཆགས་ཀྱི་རེད་སྙམ་གྱི་ཡོད། དེར་བརྟེན་དགེ་རྒན་གྱི་ལས་ཀ་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་དགེ་རྒན་ལ་དགོས་མཁོ་གཉིས་ཚང་དགོས་ཀྱི་ཡོད། རང་ཉིད་ལ་ཤེས་ཡོན་གནས་ཚད་ཡག་པོ་དགོས་པ་དང་། སློབ་ཁྲིད་བྱེད་སྐབས་ཀྱི་ཐབས་ལམ་གཉིས་ཆགས་ཡོད། ཤེས་རིག་གི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ཉེ་ཡོད་ལ། དེ་ཡང་ང་ཚོས་དགེ་རྒན་ཐོག་ཤུགས་སྣོན་རྒྱག་བཞིན་ཡོད། ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ་ལོ་མང་པོ་འགྲོ་གི་ཡོད་པ་མ་ཟད། ཤེས་ཡོན་ཐོག་སྤྱི་ཡོངས་ནས་སྐད་ཆ་བཤད་དེ་མང་པོ་འགྲོ་གི་ཡོད། ཤེས་ཡོན་སྲིད་བྱུས་ནང་སློབ་ཁྲིད་སྐབས་སློབ་མ་དབུས་བཞག་ཅེས་པར་ཤུགས་སྣོན་བརྒྱབ་ཡོད་ཀྱང་ཉེ་ཆར་ང་ཚོས་ཞིབ་འཇུག་བྱེད་བར་གཏོང་སྐབས་སྙན་ཐོའི་ནང་ད་ལྟ་ཡང་དགེ་རྒན་དབུས་གཞག་རེད་འདུག་ཅེས་འཁོད་ཡོད།
    ལྷག་པར་ཁྱེད་རྣམ་པས་རང་འགུལ་ངང་ཡར་རྒྱས་གཏོང་རྒྱུའི་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་བ་དང་། དེ་བཞིན་ཕྲུ་གུའི་སེམས་ཁམས་ལ་དོ་སྣང་ཐོག་སློབ་ཁྲིད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་བཏང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་ད་ལྟ་བར་ཧ་ཅང་ཡག་པོ་བྱུང་ཡོད་ཀྱང་། ད་ལྟ་ང་ཚོ་བོད་པའི་གནས་སྟངས་ཧ་ཅང་སྐྱོ་པོའི་ཐོག་གནས་ཡོད་སྟབས། ཁྱེད་རྣམ་པས་ཉུང་མཐར་ལོ་གསུམ་རིང་དགེ་རྒན་གྱི་ལས་ཀ་བྱེད་དགོས།
    གལ་སྲིད་དགེ་རྒན་གྱི་ལས་ཀར་དོ་དབྱིངས་བརླག་སྐབས་ལས་གནས་འདི་ནས་ཁ་བྲལ་ན་ལས་ཕྲུ་གུ་མང་པོའི་མདུན་ལམ་འཕྲོ་བརླག་འགྲོ་གི་རེད། ལྷག་པར་ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་དགེ་རྒན་གྱི་གནས་བབ་ཡག་ཏུ་གཏོང་བའི་ཐབས་ཤེས་འཐེན་གྱི་ཡོད། དཔེར་ན། དགེ་རྒན་ལ་ཆེ་མཐོང་དང་གསོལ་ཕོགས་ཀྱིས་མཚོན་མཐུན་རྐྱེན་ཡག་པ་དགོས་སྐོར་སོགས་སྒྲིག་འཛུགས་ནས་དགོངས་བཞེས་གནང་གི་ཡོད། དེ་བཞིན་ང་ཚོས་འཛིན་གྲྭ་ལྔ་པ་མན་ཆད་ལ་སྔར་ལྷག་ཤུགས་སྣོན་རྒྱག་རྩིས་ཡོད། དགེ་རྒན་ཡིན་རུང་ལེགས་ཤོས་དེའི་ནང་འགྲོ་ཐུབ་ན་བསམ་བཞིན་ཡོད། དེ་སྔ་ང་ཚོས་སྔོན་འགྲོ་སློབ་གྲྭ་སྣང་མེད་དུ་བཞག་ཆེ་དྲགས་པ་དེ་ནོར་འཁྲུལ་བྱུང་འདུག རྒྱ་གར་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ནང་ཡིན་རུང་དེ་ནོར་འཁྲུལ་ཆེན་པོ་རེད་ཅེས་ངོས་ལེན་བྱེད་ཀྱི་འདུག ཅེས་སོགས་ཀྱི་གསུངས།
    མཇུག་མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་ལོ་གཅིག་དང་ཕྱེད་ཀའི་རིང་གི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཐར་ཕྱིན་གྱི་མཛད་སྒོ་མཇུག་བསྒྲིལ། །

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
བོད་རིགས་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འཛུགས་གནང་།
Menu