ཟླ་རེའི་གསར་འགྱུར།

སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མའི་ཟབ་སྦྱོང་མཇུག་བསྡོམས་ཞུས་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ཕྱི་ཟླ་ ༡༡ ཚེས ༤ བར་ཉིན་བརྒྱད་རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མ་རྣམས་ལ་ཉམས་ཞིབ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་རིག་སྡེ་འགན་འཛིན་སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་དང་ཟབ་སྦྱོང་སློབ་འཁྲིད་གནང་མཁན་ཝཱཎ་མཐོ་སློབ་སློབ་དཔོན་དང་ཉམས་ཞིབ་པ་སོགས་ཕེབས་གནང་ཡོད།
    ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་སློབ་དཔོན་རྣམས་ཀྱིས་ཚོགས་ཐེངས་ ༢༩ ཙམ་ཞིབ་འཇུག་དང་འབྲེལ་བརྗོད་གཞི་ཐོག་འཆར་འགོད་ཞུས་པ་ལྟར་འགྲོ་ཐུབ་པ་བྱུང་བ་དང་། ལྷག་པར་དུ་ཆུ་མོ་གངྒཱ་དང་ཝཱཎའི་གནས་ཆེན་སོགས་གནས་བཤད་དང་སྦྲགས་ཤེས་ཡོན་ལྟ་སྐོར། གཞན་ཡང་ཝཱཎ་མཐོ་སློབ་ནས་དཔར་བསྐྲུན་གནང་བའི་ཞིབ་འཇུག་དཔེ་དེབ་གཉིས་རེ་དང་སློབ་དཔོན་རྣམ་པའི་རྩོམ་ཡིག་(Power Point )པ་ཝར་པོ་ཨིནྚ་དང་། ཞིབ་འཇུག་ལས་དོན་དང་འབྲེལ་བའི་ཟུར་ལྟའི་དཔེ་དེབ་མཉེན་ཆས་དཔར་མ་མང་དག་འགྲེམས་སྤེལ་ཞུས་ཐུབ་པ་བྱུང་ཡོད་སྐོར་སྙན་སྒྲོན་ཞུས།
    དེ་རྗེས་ཟབ་སྦྱོང་པའི་སྐུ་ཚབ་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་དང་ཉམས་ཞིབ་སློབ་མ་ཨ་རིག་འགྱུར་མེད་གཉིས་ནས་ཟབ་སྦྱོང་འདི་བརྒྱུད་ནས་ཚོགས་བཅར་བ་རྣམས་ལ་ཕན་ཐོགས་ཇི་བྱུང་དང་། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་མྱོང་ཚོར་ཐོག་གསུང་བཤད་གནང་བ་དང། དེ་ནས་སྐུ་མགྲོན་གཙོ་བོ་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་རིག་སྡེ་འགན་འཛིན་སློབ་དཔོན་བློ་བཟང་བསྟན་འཛིན་ལགས་ཀྱིས་ཟབ་སྦྱོང་སློབ་འཁྲིད་གནང་མཁན་རྣམ་པར་ལེགས་གསོལ་མཇལ་དར་དང། ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ། ཟབ་སྦྱོང་གི་མཇུག་བསྡོམས་ལམ་སྟོན་གསུང་བཤད་དུ་ཉམས་ཞིབ་ལས་དོན་ཁག་ལ་ཞིབ་ཚགས་དང་གནས་དོན་སྤྱི་ཙམ་མིན་པར་ཤེས་བྱའི་གནས་བྱེ་བྲག་པ་ཞིག་གི་དཀའ་ངལ་སེལ་ཐབས་དང་སྟོང་ཆ་ཁ་སྐོང་ཐུབ་པ་ཞིག་དགོས་རྒྱུ་དང་། དེ་ཡང་ལུང་འདྲེན་ཙམ་གྱིས་མི་འཐུས་པར་རང་དང་གང་ཟག་གཉིས་པ། གང་ཟག་གསུམ་པ་བཅས་ལ་རྒྱུ་མཚན་རིགས་པའི་བདེན་དཔང་མིག་སྟོན་གྱིས་ལམ་ནས་གྲུབ་དོན་གསལ་སྟོན་ཐུབ་པ་ཞིག་ངེས་པར་དགོས་པའི་སྐོར་དང་། དེ་ཡང་ངང་རིང་ཡུན་བསྲིངས་ལམ་ནས་ཞིབ་འཇུག་ལས་དོན་ཐད་དོ་ཁུར་དང། དཔེ་དེབ་ལྟ་ཀློག ཉམས་མྱོང་ཅན་གྱི་མཁས་དབང་བསྟེན་གཏུགས་ཀྱིས་ཞིབ་འཇུག་པ་སོ་སོའི་ཉམས་ཞིབ་ལས་དོན་མཐའ་འཁྱོལ་བ་ངེས་པར་གནང་དགོས་པའི་ལམ་སྟོན་གནང།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཝཱཎ་མཐོ་སློབ་ནས་ཟབ་སྦྱོང་བའི་བཞུགས་གནས་དང་ཡིག་ཆ་དཔར་སྐྲུན། ཚོགས་ཁང་སོགས་རིན་མེད་མཐུན་འགྱུར་གནང་བ་ཙམ་མ་ཟད། ཇི་ལྟར་ཤེས་རིག་ལས་ཁུངས་ནས་རེ་སྐུལ་ཞུས་པ་བཞིན་གཙུག་ལག་ཁང་གི་རིགས་བདག་གཙོ་བའི་སློབ་དཔོན་རྣམས་ཞིབ་འཇུག་དང་འབྲེལ་སློབ་འཁྲིད་གནང་མཁན་རྣམ་པ་དང་། ལྷག་པར་དུ་ཟབ་སྦྱོང་འབྲེལ་མཐུད་ཝཱཎའི་ལས་བྱེད་བསྟན་འཛིན་ནོར་བུ་གཙོ་བའི་འབྲེལ་ཆགས་ཝཱཎའི་ལས་བྱེད་རྣམ་པ། གཞན་ཡང་ཟབ་སྦྱོང་བ་རྣམ་པས་ཆ་ཤས་ལེན་ཧུར་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།

སྔོན་མ།
སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང།
ཕྱི་མ།
དཔེ་སྟོན་སློབ་གྲྭ་རྟོག་ཞིབ་དང་ཤེས་ཡོན་ཉམས་གསོག་ལས་འཆར།
Menu