ཟླ་རེའི་གསར་འགྱུར།

སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་རྣམས་ལ་ཟབ་སྦྱོང་སྤྲད་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ཟླ་ ༡༡ ཚེས་ ༤ བར་ཉིན་བརྒྱད་རིང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མ་རྣམས་ལ་ཉམས་ཞིབ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་མཆོག་དང་ཟབ་སྦྱོང་སློབ་འཁྲིད་གནང་མཁན་ཝཱ་ཎ་མཐོ་སློབ་སློབ་དཔོན་དང་ཉམས་ཞིབ་པ་སོགས་ཕེབས་ཡོད།
    དེ་ཡང་ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་འབྲེལ་ཤེས་རིག་ལས་ཁུངས་ཀྱིས་སྒྲིག་ཞུགས་མ་ཡིན་པའི་སློབ་མ་༣༤ ལ་ད་བར་བོད་པའི་ཆོས་དང་རིག་གཞུང་དང་འབྲེལ་བའི་བརྗོད་གཞིའི་ཐོག་ལོ་གསུམ་གྱི་ཉམས་ཞིབ་ཀྱི་སློབ་ཡོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསོལ་སྩལ་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་ཕྱི་ལོ་ ༢༠༡༡ དང་། ༢༠༡༢ ལོའི་ཉམས་ཞིབ་སློབ་མ་ ༡༧ དང་སྨན་རྩིས་ཁང་གི་སྨན་རམས་པ་ ༢ རྣམ་གྲོལ་གླིང་གི་སློབ་དགེ་ ༡ དཔེ་སྟོན་སློབ་གྲྭའི་ཆོས་དགེ་བཅས་ཁྱོན་མི་གྲངས་ ༢༡ མཉམ་ཞུགས་གནང་ཡོད།
    ཟབ་སྦྱོང་དུས་ཡུན་རིང་ཝཱ་ཎ་མཐོ་སློབ་ཀྱི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཤར་ནུབ་ཀྱི་ཞིབ་འཇུག་གི་ཁྱད་པར་དང་། ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ལོ་རྒྱུས་ཞིབ་འཇུག་གནང་ཕྱོགས། ཌོག་ཊར་བློ་བཟང་རྡོ་རྗེ་རབ་གླིང་ལགས་ཀྱིས་ཞུ་སྒྲིག་དང་མཆན། ལུང་འདྲེན། ལྷན་ཐབས་འགོད་སྟངས། དགེ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་ནང་ཆོས་དང་འབྲེལ་བའི་ཞིབ་འཇུག་གནང་ཕྱོགས། བྷེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་ཌོག་ཊར་པད་མ་དབྱངས་ཅན་ལགས་ཀྱིས་ཞིབ་འཇུག་རྩོམ་འབྲི་གནང་ཕྱོགས། ཌོག་ཊར་སྤེན་པ་རྡོ་རྗེ་ལགས་ཀྱིས་བོད་རིག་པའི་ཞིབ་འཇུག་གནང་ཕྱོགས། རྩོམ་སྒྲིག་པ་བློ་བཟང་ནོར་བུ་ཤཱསྟྲཱི་ལགས་ཀྱིས་ཕབ་བསྒྱུར་དང་འབྲེལ་བའི་ཞིབ་འཇུག རིག་གནས་སློབ་དགེ་ལྷག་པ་ཚེ་རིང་ལགས་ཀྱིས་བརྡ་སྤྲོད་ཞིབ་འཇུག་གནང་ཐབས།     དེ་བཞིན་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་གཉིས་ཀྱིས་ཤེས་རིག་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་ལས་འཆར་དང་འབྲེལ་བའི་གནད་དོན་བཅས་ཀྱི་ཐོག་སློབ་འཁྲིད་གནང་གཏན་འཁེལ་ཡོད་པ་སོགས་ངོ་སྤྲོད་ཞུས།
    དེ་རྗེས་ཟབ་སྦྱོང་བ་རྣམ་པ་སོ་སོའི་ཉམས་ཞིབ་བརྗོད་གཞི་དང་ཕྱག་ལས་གང་དུ་གནང་གི་ཡོད་མེད་བཅས་ངོ་སྤྲོད་ཞུ་བ་དང། སྐུ་མགྲོན་གཙོ་བོ་ཝཱ་ཎ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་མཆོག་གིས་དེ་སྔ་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་འབྲེལ་བའི་སྐོར་ཉམས་ཞིབ་གནང་མཁན་མང་ཆེ་བ་ཕྱི་རྒྱལ་བ་ཆགས་ཡོད་པ་དང་། ད་ལན་ཁྱེད་ཚོ་མང་ཆེ་བའི་བརྗོད་གཞི་བོད་པའི་སྤྱི་ཚོགས་གནས་སྟངས་དང་འབྲེལ་བའི་ཉམས་ཞིབ་གནང་གི་ཡོད་པར་སོང་གལ་གནད་ཆེན་པོ་ཡིན་པ་དང་། ལྷག་པར་ཉམས་ཞིབ་ལས་དོན་རྣམས་སོ་སོའི་ཉམས་མྱོང་གསོག་གིན་གསོག་གིན་འགྲོ་དགོས་པ་དང་། ཟབ་སྦྱོང་གཅིག་ནང་ཨང་རྩིས་ཀྱི་མན་ངག་ལྟ་བུ་བསྟན་རྒྱུ་ཁག་པོ་ཡིན་ཡང་། སློབ་འཁྲིད་གནང་མཁན་མང་ཆེ་བ་ཉམས་ཞིབ་དང་འབྲེལ་བའི་ལས་དོན་ཐོག་མི་ཚེ་སྐྱེལ་མཁན་ཆགས་ཡོད་པར་བརྟེན། དེ་དག་གི་ཉམས་མྱོང་རྣམས་ལེན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད། ད་ལན་ཟབ་སྦྱོང་འདི་བརྒྱུད་ནས་སོ་སོའི་ཉམས་ཞིབ་དང་འབྲེལ་བའི་ལས་དོན་ཐོག་ཕན་འབྲས་སོན་པའི་རེ་སྨོན་ཞུ་རྒྱུ་ཡིན་བཅས་དབུ་འབྱེད་ལམ་སྟོན་གནང།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཝཱ་ཎ་མཐོ་སློབ་ནས་ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཐོག་མཐུན་འགྱུར་གནང་བ་དང་། སློབ་དཔོན་རྣམས་ནས་སློབ་འཁྲིད་གནང་རྒྱུའི་ཞལ་བཞེས་གནང་བ། ཟབ་སྦྱོང་བ་རྣམས་ནས་ཉམས་ཞིབ་ཀྱི་ཟབ་སྦྱོང་འདི་གལ་ཆེ་དོན་ཆེར་བརྩིས་ཏེ་སོ་སོའི་ལས་ཀ་ནས་དགོངས་ཞུ་ཀྱིས་ཆེད་བཅར་གནང་བར་དམིགས་བསལ་ཐུགས་རྗེ་ཞུས་ཡོད་པ་བཅས།

སྔོན་མ།
འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཨ་རིའི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་རྩེ་ཕུད་ཁག་ཅིག་གིས་བོད་མིའི་ཤེས་ཡོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རྣམ་པ་བསྟན་པ།
ཕྱི་མ།
སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང།
Menu