ཟླ་རེའི་གསར་འགྱུར།

སྔོན་འགྲོ་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།

གསར་འཕྲིན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་བཀོད་སྒྲིག་ལྟར། ཕྱི་ལོ་༢༠༡༢ ཟླ་༥ ཚེས་༢༥ ནས་༢༧ བར་ཉིན་གསུམ་རིང་ཤེས་ཡོན་ལྷན་ཚོགས་ཡིག་ཚང་དུ་སྔོན་འགྲོ་དང། གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་འདུ་དང་པོ་སྐོང་ཚོགས་གནང༌ཡོད།
བོད་མི་རྣམས་བཙན་བྱོལ་དུ་འབྱོར་འཕྲལ། ཕྱི་ལོ་༡༩༦༠ ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་རྒྱང་རིང་བའི་དགོངས་གཞི་དང་ལམ་སྟོན་འོག་བོད་མིའི་སློབ་གྲྭ་ཟུར་འཛུགས་དང། དེང་རབས་དང་མཐུན་པའི་བོད་ཡིག་སློབ་ཁྲིད་དང་སློབ་དེབ་བཟོ་འགོད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ། སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཁག་ལ་བསྐྱར་ཞིབ་རིམ་པར་གནང་ཡོད། ཐེངས་འདིའི་སློབ་དེབ་བསྐྱར་ཞིབ་ཀྱི་ལས་རིམ་འདི་ནི། ཕྱི་ལོ་༢༠༡༠ ལོར་བཀའ་ཤག་གིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དགོངས་དོན་འོག་གཞི་རིམ་སློབ་དེབ་ཡོངས་སུ་རྫོགས་པར་བསྐྱར་ཞིབ་གནང་བའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག
ཐེངས་འདིའི་སློབ་དེབ་ལ་བསྐྱར་ཞིབ་སླད། སྔ་ལོ་ནས་བཟུང་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་བསྐོ་འཛུགས་དང། གཞི་རིམ་སློབ་གྲྭ་ཁག་གི་དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་དང། འབྲེལ་ཡོད་བོད་དགེ་རྣམ་པའི་བསམ་ཚུལ་བསྡུ་རུབ་གནང་འདུག ཉིན་གསུམ་གྱི་བསྐྱར་ཞིབ་ཚོགས་འདུའི་རིང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་མཆོག་གིས་གཙོས་སྔོན་འགྲོ་དང། གཞི་རིམ་འོག་མའི་དགེ་རྒན་དང། སློབ་དེབ་རྩོམ་སྒྲིག་པ་བཅས་ཚོགས་མི་བཅུ་གསུམ་ཚོགས་ཞུགས་བྱས་ཡོད།
ཐེངས་འདིའི་ཚོགས་འདུ་བརྒྱུད་སྔོན་འགྲོ་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་ཁག་ལ་བསྐྱར་ཞིབ་ཇི་དགོས་དང་། ཁྱད་པར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན་གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་སློབ་སྟོན་གནང་ཕྱོགས་ཀྱི་གལ་གནད་ངོས་འཛིན། བྱེད་ཐབས་གཏན་འབེབས། སློབ་དེབ་དང་འབྲེལ་བའི་གནད་དོན་ཐོག་གོ་བསྡུར་དང་གྲོས་འདོན་བཅས་གནང་ཡོད་འདུག
སྔོན་འགྲོ་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ལས་རིམ་འདི་བཞིན་ལོ་གསུམ་ནང་ཚུད་ལེགས་སྒྲུབ་བྱ་འཆར་ཡིན་འདུག འདི་སྔོན་གཞི་རིམ་བར་མའི་སྐད་ཡིག་སློབ་དེབ་ཕྱི་ལོ་༢༠༡༡ ལོར་བསྐྱར་ཞིབ་ལེགས་གྲུབ་ཀྱིས་དཔར་སྐྲུན་གནང་མུས་ཡིན་པ་དང། འཆར་ལོ་ནས་བཟུང་སློབ་ཁྲིད་ཀྱི་ལག་བསྟར་བྱ་རྒྱུ་ཡིན་པའི་གནས་ཚུལ་བཅས།

 

སྔོན་མ།
ཤེས་ཡོན་སྲིད་བྱུས་གསར་བར་ཕྱིར་མིག་ལྟ་བ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།
Menu