ཟླ་རེའི་གསར་འགྱུར།

སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་བ།

གསར་འཕྲིན།

༄༅། ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད། 

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་གྱི་རིང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལྟར་སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་སྔོན་དུ་སོང་བ་ལྟར། འདི་གའི་རྩོམ་སྒྲིག་པས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་བསྐྱར་ཞིབ་ཚོགས་འདུ་སྐབས་ཀྱི་ལམ་སྟོན་ལྟར་སློབ་དེབ་རགས་ཟིན་ཡོངས་སུ་གྲུབ་སྟེ་མཐའ་མའི་གཏན་འབེབས་ཀྱི་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུ་ལ་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བཟང་པོ་ལགས། སུ་ཇཱ་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་འཇམ་མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས། དྷ་སྟེང་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བག་གྲོ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་ཆོས་མཚོ་ལགས། དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་བྱམས་པ་དཔལ་མོ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་སྔོན་དགེ་པ་སངས་ལགས། བདེ་སྐྱིད་གླིང་བོད་ཁྱིམ་གྱི་སྔོན་འགྲོའི་དགེ་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ལྷན་འཛོམས་ཀྱིས་སྔོན་འགྲོའི་སློབ་དེབ་དང་། གཞི་རིམ་འོག་མའི་འཛིན་རིམ་དང་པོའི་སློབ་དེབ་རགས་ཟིན་སྟེང་། ཉིན་བཞིའི་རིང་སྣོན་འཕྲི་སྤོར་གཅོག་ཅི་དགོས་གནང་སྟེ་མཐའ་མའི་གཏན་འབེབས་གནང་ཡོད་པ་དང་། རིང་མིན་པར་སྐྲུན་གྱིས་འཆར་ལོའི་སློབ་དུས་ནས་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་རྒྱུ་ཡིན་འདུག 

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་ (DANIDA) རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །

སྔོན་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།
Menu