ཟླ་རེའི་གསར་འགྱུར།

སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་གྱི་མཐའ་མའི་རགས་ཟིན་གཏན་འབེབས་ཚོགས་འདུ་ལེགས་པར་གྲུབ་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༠ ནས་ཚེས་ ༢༣ བར་ཉིན་བཞིའི་རིང་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་ལ་བསྐྱར་ཞིབ་ཞུས་ཏེ། མཐའ་མའི་རགས་ཟིན་གཏན་འབེབས་ཚོགས་འདུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་གསར་པའི་ནང་དུ་ཚོགས་ཡོད་པ་རེད།

དེ་ཡང་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞིའི་རྩ་འཛིན་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་བཀའ་ཤག་གིས་གཏན་འབེབས་གནང་ནས་ད་བར་ལོ་བཅུ་ལྷག་འགོར་ཡོད་སྟབས། ཨིན་ཇིའི་སྐད་ཡིག་གི་བསླབ་གཞི་རྩ་འཛིན་བསྐྱར་ཞིབ་ཀྱིས་གཏན་འབེབས་ཞུས་ཟིན་པ་དང་། བོད་ཀྱི་སྐད་ཡིག་གི་བསླབ་གཞིའི་རྩ་འཛིན་ཡང་བསྐྱར་ཞིབ་བྱེད་དགོས་གལ་མཐོང་སྟེ་བསྐྱར་ཞིབ་ཀྱིས་རགས་ཟིན་ལེགས་པར་གྲུབ་པ་དང་། གོང་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་ཟུར་པ་བཀྲ་ཤིས་རྡོ་རྗེ་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་།  སུ་ཇཱ་བོད་ཁྱིམ་གཞི་རིམ་བར་མའི་བོད་དགེ་བསྟན་འཛིན་ཆོས་སྐྱབས་ལགས་དང་། གཞི་རིམ་འོག་མའི་བོད་དགེ་འཇམ་མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས། དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་བྱམས་པ་དཔལ་མོ་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ་པ་སངས་ཚེ་རིང་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་བར་མའི་བོད་དགེ་ཟླ་བ་ཚེ་རིང་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་སྔོན་དགེ་པ་སངས་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བཟང་པོ་བཅས་ལྷན་འཛོམས་ཀྱིས་རགས་ཟིན་སྟེང་གོ་བསྡུར་སྦྱངས་བཤད་ཀྱིས་སྣོན་འཕྲི་སྤོར་གཅོག་གང་འོས་ཞུས་ཏེ་མཐའ་མའི་རགས་ཟིན་གཏན་འབེབས་གནང་བ་དང་། རགས་ཟིན་འདི་བཞིན་ཞུ་དག་སོགས་ལེགས་པར་གྲུབ་རྗེས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་།  ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་སྟེང་མཐའ་མའི་གཏན་འབེབས་ཆེད་འབུལ་འཆར་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཌེ་ན་ཊ་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་འོག་ཚོགས་ཡོད་པ་བཅས།

སྔོན་མ།
༢༠༢༡ ལོའི་བར་བཞག་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
༢༠༢༢ ལོའི་ UWC སློབ་ཡོན་གསལ་བསྒྲགས།
Menu