ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་རྣམས་ལ་ཨང་རྩིས་ཁྲིད་ཐབས་ཟབ་སྦྱོང་མཇུག་བསྒྲིལ།

གསར་འཕྲིན།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་སྔོན་འགྲོའི་དགེ་རྒན་རྣམས་ལ་ཨང་རྩིས་ཁྲིད་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་ཕྱི་ཚེས་ ༣༠ དགོང་མོར་ལེགས་པར་མཇུག་བསྒྲིལ། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་དབུས་པའི་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་དང་། ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས། ཤེས་ཡོན་ཚན་པའི་འབྲེལ་ཡོད་ལས་བྱེད་བཅས་ཚོགས་ཕེབས་གནང་།
མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་ནས་ཉིན་བཞིའི་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་གནང་དོན་དུ། ཉིན་དང་པོའི་ཚོགས་ཐུན་གཅིག་རིང་ཁྱད་སྟོན་པས་སྔོན་འགྲོའི་སློབ་ལོ་སོན་པའི་སློབ་ཕྲུག་རྣམས་ལ་སློབ་ཚན་དངོས་གཞི་འགོ་མ་ཚུགས་གོང་ཤུགས་ཀྱི་གྲ་སྒྲིག་བྱེད་སྒོ། དཔེར་ན། རྒྱུན་ལྡན་ལས་རིགས་དང་ཚོར་ཤེས་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེར་གསུངས། རྒྱུ་མཚན་ནི་གོང་གསལ་སྦྱོང་བརྡར་ཁག་བརྒྱུད་བྱིས་པའི་ལུས་པོའི་འགུལ་སྐྱོད་དང་རིང་ཐུང་། དངོས་པོ་ཞིག་གི་བོངས་ཚད། བང་རིམ་སོགས་ཨང་རྩིས་ནང་སློབ་ཁྲིད་བྱེད་པའི་ཁྱད་ཆོས་མང་པོ་ཞིག་ཚོར་ཤེས་སྦྱོང་བརྡར་སྐབས་འགྲོ་གི་ཡོད་སྟབས། རྗེས་སུ་སློབ་ཚན་དངོས་གཞི་སློབ་ཁྲིད་སྐབས་ཕན་ཐོགས་ཆེན་པོ་ཡོད་པ་བཅས་ཀྱི་སྐོར་གསུངས། གཞན་ཡང་ཟབ་སྦྱོང་གི་དུས་ཡུན་ཧྲིལ་པོའི་ནང་ཟབ་སྦྱོང་སྐབས་ཆེད་དུ་བསྒྲིགས་པའི་ཨང་རྩིས་ལག་དེབ་གཞིར་བཟུང་སློབ་ཕྲུག་རྣམས་ལ་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཨང་ཀི་ངོ་སྤྲོད་བྱེད་ཐབས་དང་། སིལ་གྲངས་ལམ་ལུགས། དེ་ནས་མུ་མཐུད་གྲངས་འདྲེན་རིང་མོ་བྱེད་ཐབས་སོགས་བརྗོད་གཞི་སྣ་མང་ངོ་སྤྲོད་གནང་། ཨང་ཀི་ངོ་སྤྲོད་བྱེད་སྟངས་ཀྱང་དང་པོ་གྲངས་གང་ཞིག་གི་འབོར་དང་མཉམ་པའི་དངོས་གཟུགས་ཤིག་ངོ་སྤྲོད་དང་། དེ་ནས་དེའི་ཨང་ཀིའི་ཤོག་པང་། དེའི་རྗེས་སུ་དངོས་གཟུགས་དང་ཨང་ཀིའི་ཤོག་པང་མཉམ་དུ་བསྡེབས་ནས་ངོ་སྤྲོད་བྱ་དགོས་གསུངས། མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སློབ་ཁྲིད་སྐབས་སློབ་ཚན་ཚང་མར་རིམ་པ་གསུམ་ལྡན་གྱི་སློབ་ཁྲིད་ཐབས་ལམ་ལག་བསྟར་བྱེད་སྲོལ་ཡོད། དང་པོར་སློབ་ཚན་བྱེ་བྲག་པ་ཞིག་གི་ཁྲིད་ཆས་རྣམས་ངོ་སྤྲོད་དང་། གཉིས་པར་སློབ་ཕྲུག་རྣམས་ལ་སྦྱོང་བརྡར། མཐར་སློབ་ཕྲུག་གིས་སློབ་ཚན་རྣམས་ལེགས་པར་ཤེས་རྟོགས་ཐུབ་ཡོད་མེད་ཀྱི་བསྐྱར་ཞིབ་ལེགས་པར་གནང་དགོས་པ་བཅས་ཀྱི་སྐོར་ཟབ་ཅིང་རྒྱས་པ་གསུངས།
དེ་ནས་ཁྱད་སྟོན་པས་མཇུག་བསྡོམས་ཀྱི་གཏམ་བཤད་དུ་རྒན་ལགས་རྣམ་པས་ཉིན་གྲངས་བཞིའི་རིང་དངོས་གནས་དོ་སྣང་དང་འབད་བརྩོན་ཞེ་དྲགས་གནང་སོང་ལ། ང་ཚོ་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་བྱམས་སྙིང་རྗེས་ཀུན་ནས་བསླངས་ནས་སློབ་ཕྲུག་ཚོར་བྱམས་སྐྱོང་གནང་དགོས། གཞན་ཡང་ང་ཚོས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་མོན་ཊེ་སོ་རིའི་ལྟ་གྲུབ་ལག་བསྟར་གནང་སྟེ་ལོ་ ༤༠ ལྷག་ཕྱིན་ཡོད་པར་སོང་། སྔོན་འགྲོའི་འཛིན་གྲྭ་རྣམས་སུ་ཁྲིད་ཆས་ཆ་ཚང་བ་ཞིག་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཡིན་སྐོར་གསུངས།
དེ་ནས་དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་འདི་ལས་དོན་མང་པོའི་ནང་ནས་གལ་ཆེ་བའི་གྲས་སུ་བརྩི་བཞིན་ཡོད་པ་དང་། ལྷག་པར་དུ་ཟབ་སྦྱོང་འདིར་ཁྱད་སྟོན་པ་སྒེར་ནས་དམིགས་བསལ་ཐུགས་ཁུར་བཞེས་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས། དེ་བཞིན་ཟབ་སྦྱོང་འདིའི་གལ་གནད་ལ་གཞིགས་ཏེ་ལོ་རྗེས་མར་ལྷོ་ཁུལ་དུ་གོ་སྒྲིག་ཞུ་འཆར་ཡོད། འོན་ཀྱང་ཟབ་སྦྱོང་རིང་ཁྲིད་ཐབས་གསར་པ་གང་འདྲ་ཞིག་ཤེས་རྟོགས་བྱུང་ཡོད་པ་རྣམས་ངེས་པར་དུ་སློབ་གྲྭར་ཕྱིར་ལོག་སྟེ་ལག་ལེན་དུ་འཁེལ་བ་ཞིག་དགོས་ཀྱི་འདུག ང་ཚོའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་ཨང་རྩིས་ལ་དཀའ་ངལ་འཕྲད་བཞིན་ཡོད་པས་ཟབ་སྦྱོང་འདི་ལྟ་བུས་མ་འོངས་པར་སློབ་གྲྭ་སོ་སོའི་ནང་གཞི་རིམ་གྱི་ཨང་རྩིས་རྨང་གཞི་སྲ་བརྟན་ཞིག་ཡོང་ཐུབ་པར་རེ་བ་ཞུ་བཞིན་ཡོད། ང་ཚོ་བོད་རིགས་ཕལ་ཆེ་བ་ཨང་རྩིས་ཐོག་དཀའ་ངལ་ཡོད་པ་ལྟ་བུ་མཐོང་དུས་ངོ་ནོངས་ཆེན་པོ་འདུག ད་ལན་ཟབ་སྦྱོང་ནང་མཉམ་ཞུགས་གནང་སྟེ་བློ་བསྐྱེད་གང་བྱུང་བ་རྣམས་སློབ་གྲྭ་སོ་སོའི་སློབ་སྤྱི་དང་དགེ་ཆེ་ལ་ཞུས་ཏེ་འབྱུང་འགྱུར་མཐུན་འགྱུར་ཞུ་ཐབས་བྱ་དགོས། དེ་མིན་ཁྲིད་ཆས་མཐུན་འགྱུར་ཞུ་རྒྱུའི་ཐད་ཤེས་རིག་ལས་ཁུངས་ནས་གང་ཡོང་ཞུ་འཆར་ཡོད་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་ནས་དགེ་རྒན་རྣམས་ལ་བླང་དོར་བཀའ་སློབ་གནང་དོན་དུ། ད་ལན་ཟབ་སྦྱོང་གི་ཁྱད་སྟོན་མི་སྣའི་སློབ་ཁྲིད་ཐབས་ལམ་དང་སློབ་ཕྲུག་ལ་འབྲེལ་ལམ་གནང་སྟངས་ཡག་པོ་འདུག་གསུངས་པ་དགའ་ཚོར་བྱུང་། རྒན་ལགས་རྣམ་པས་ལྷ་མོ་སྤེན་པ་ལགས་ནས་ཨང་རྩིས་ཁྲིད་ཐབས་ཙམ་མ་ཟད། སློབ་ཁྲིད་གནང་སྐབས་དགེ་རྒན་གྱི་ལུས་ཀྱི་རྣམ་འགྱུར་དང་བཀའ་མོལ་གནང་སྟངས། སློབ་ཕྲུག་ལ་ཉན་སྟངས་སོགས་དཔེ་བླང་དགོས་པའི་གནད་དོན་མང་པོ་ཞིག་ཐོབ་ཡོད་པས་བསྔགས་བརྗོད་ཡོད་པ་དང་། ང་ཚོའི་བོད་པའི་སྤྱི་ཚོགས་ནང་ཨང་རྩིས་ཡག་པོ་ཡོད་མཁན་དཀོན་པོ་ཡོད་པའི་རྐྱེན་གྱིས་སློབ་གྲྭ་ཁག་ལ་ཨང་རྩིས་དགེ་རྒན་ཐོབ་རྒྱུ་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་སྔོན་འགྲོ་དང་གཞི་རིམ་སློབ་གྲྭའི་གནས་སྐབས་སུ་སློབ་ཕྲུག་ཚོའི་སེམས་ནང་ཨང་རྩིས་ཟེར་བ་སློབ་ཚན་དཀའ་ལས་ཁག་པོ་མིན་པའི་ཚོར་བ་བསྐྲུན་རྒྱུའི་འགན་དེ་དགེ་རྒན་རྣམས་ལ་ཡོད་པས། མ་འོངས་པར་ཁྱེད་རང་ཚོའི་བརྒྱུད་སློབ་ཕྲུག་མང་པོར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེང་སང་སྤྱི་ཚོགས་དྲ་རྒྱ་སོགས་སུ་དགེ་རྒན་ནང་ཁུལ་གྱི་དྲ་རྒྱའི་ཚོགས་པ་བཟོས་ཏེ་བསམ་ཚུལ་བརྗེ་རེས་ཀྱི་ཐོག་ནས་སོ་སོའི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཞིང་། ཟབ་སྦྱོང་སོགས་ནས་ཐོབ་པའི་གནས་ཚུལ་ཙམ་མིན་པར་སོ་སོའི་ངོས་ནས་ཀྱང་དེའི་ཐོག་གནས་ཚུལ་གསར་པ་བསྡུ་རུབ་དང་ཤེས་རྟོགས་སླད་འབད་བརྩོན་བྱ་རྒྱུ་གལ་ཆེ་བའི་སྐོར་གསུངས། དེ་བཞིན་ད་ལྟའི་མྱོང་ཚོར་གསུང་མཁན་དགེ་རྒན་ཞིག་གིས་དེང་སང་སྤྱི་ཚོགས་ནང་སྔོན་འགྲོའི་དགེ་རྒན་ནམ་སྔོན་འགྲོ་ཟེར་དུས་གལ་འགངས་ཆེན་པོ་བརྩི་གི་མེད་པའི་བསམ་ཚུལ་གསུངས་སོང་བས། ང་ཚོ་ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོ་དེ་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། རྒྱུ་མཚན་ནི་ནམ་རྒྱུན་ཟབ་སྦྱོང་ཁག་ལ་དུས་ཚོད་ཁོམ་མིན་གྱིས་ཐེངས་གཅིག་གཅར་རྒྱུ་ཡང་དཀའ་ལས་འདུག་པས། ད་ལན་གྱི་ཟབ་སྦྱོང་འདི་གལ་ཆེན་པོར་བརྩིས་ཏེ་དབུ་འབྱེད་དང་མཇུག་བསྡོམས་གཉིས་ཀར་ངོ་བཅར་ཞུས་ཡོད་པ་བཅས་ཀྱི་བཀའ་སློབ་ལམ་སྟོན་གནང་།
དེ་ནས་ཤེས་རིག་ཤེས་ཚན་པའི་འགན་འཛིན་ནས་ཤེས་རིག་བཀའ་བློན་དབུས་པའི་དྲུང་ཆེ་དང་། ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས། ཟབ་སྦྱོང་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རི་རོགས་ཚོགས་(USAID)དང་། དེ་བཞིན་ཟབ་སྦྱོང་ཚོགས་ཡུལ་གྱི་འབྲེལ་ཡོད་དབུ་ལས་ཚང་མར་ཟབ་སྦྱོང་ལེགས་གྲུབ་ཡོང་སླད་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་མཇུག་བསྒྲིལ།

སྔོན་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་། སྲིད་སྐྱོང་གཟེངས་བསྟོད་ཀྱི་བྱ་དགའ་བཞེས་མཁན་སློབ་མ་རྣམས་ཀྱི་ཐོ་གཞུང་།
ཕྱི་མ།
བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཌོ་ལན་ཇི་སམ་བྷོ་ཊ་སློབ་གྲྭར་གཟིགས་ཞིབ་གནང་།
Menu